Choose the best hosting by reading users web host reviews. Get the best joomla host online.

Статии

ང༽ བཙུན་མའི་དགུན་ཆོས་ཉིན་བཞི་པའི་གསུང་ཆོས།

མི་དགེ་བ་སྤྱད་པ་ལ་བརྟེན་ནས་འབྲས་བུ་ཉམས་སུ་མྱོང་ཚུལ་ལ་ཡང་། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་ལ་སོགས་པ་དུ་མ་གསུངས། དེ་ལས་དང་པོ་རྣམ་སྨིན་གྱི་འབྲས་བུ་ལྕི་ཡང་གི་རྣམ་གཞག་བཤད་པ་ལ། རྣམ་སྨིན་གྱི་འབྲས་བུ་ཆེ་བས་ དམྱལ་བ། འབྲིང་གིས་ཡི་དྭགས། ཐ་མས་དུད་འགྲོར་སྐྱེ་བ་ཡིན། དེ་བཞིན་དགེ་བའི་རྣམ་སྨིན་གྱི་འབྲས་བུ་ཆེ་བས་ཁམས་གོང་མ་གཉིས། འབྲིང་གིས་ལྷ་དང་། ཐ་མས་ལྷ་མིན་གྱི་གནས་སུ་སྐྱེ། སློབ་དཔོན་ཙནྡྲ་གོ་མིས། དམ་པའི་ཆོས་ཉམས་སུ་ལེན་པ་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ལས་མེད། འཁོར་བ་འདི་ལ་སྐྱེ་བ་ལེན་ཚེ་མི་ཡི་དལ་རྟེན་ཕུན་སུམ་ཚོགས་པ། བསླབ་གསུམ་ཡོངས་སུ་ཚང་བ་ཞིག་སྐྱེ་བ་ལེན་པར་ཤོག་ཅེས་སྨོན་ལམ་འདེབས་དགོས། སློབ་དཔོན་ཐོགས་མེད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་ལས་སའི་དངོས་གཞིར། རྣམ་སྨིན་ལྕི་བའི་ཚུལ་དྲུག་གསུངས། རྣལ་འབྱོར་སྤྱོད་པ་དེ་ཉིད་རྒྱ་ཡི་ལུགས་ལ་རྗེ་བཙུན་བྱམས་པས་མཛད་པར་བཞེད། ལུས་ངག་གི་ལས་བདུན་པོ་དེ་དག་ལས་སྔ་མ་སྔ་མ་རྣམས་ཚབས་ཆེ་ཞིང་ཕྱི་མ་ཕྱི་མ་ཡང་བ་ཡིན། ཡིད་ཀྱི་མི་དགེ་བ་གསུམ་པོ་ཕྱི་མ་ཕྱི་མ་ལྕི་བ་ཡིན། ཡིད་ཀྱི་མི་དགེ་བ་གསུམ་པོ་ཉོན་མོངས་ཡིན་ཅིང་ལས་མ་ཡིན། དེས་ན་མི་དགེ་བ་དང་མི་དགེ་བའི་ལས་གཉིས་དབྱེ་དགོས། བརྣབ་སེམས་འདོད་ཆགས། གནོད་སེམས་ཞེ་སྡང་དང་། ལོག་ལྟ་གཏི་མུག་གི་ཆར་གཏོགས། ལས་མ་ཡིན་པའི་སྒྲུབ་བྱེད་དཔྱིད་ཀྱི་དུས་ཞིང་འདེབས་པའི་ལས་ལ་མ་བརྩོན་ཚེ་སྟོན་དུས་སུ་འབྲས་བུ་ལ་ལོངས་སུ་སྤྱོད་རྒྱུ་མེད་པ་ལྟར་ཡིན། ལོག་ལྟ་ལ་སྒྲོ་འདོགས་ལོག་ལྟ་དང་། སྐུར་འདེབས་ལོག་ལྟ་གཉིས་སུ་མཆིས་པ་ལས་འདིར་ཕྱི་མ་འཇོག་དགོས། དེ་ལྟའི་སྐུར་འདེབས་ཀྱི་ལོག་ལྟ་ལའང་ནང་གསེས་ཀྱི་དབྱེ་བ་དུ་མ་ཡོད། དེ་ཡང་རྒྱུ་ལ་སྐུར་བ་འདེབས་པ་དང་། འབྲས་བུ་ལ་སྐུར་བ་འདེབས་པ་གཉིས་སུ་མཆིས། སྐུར་འདེབས་ཀྱི་ལོག་ལྟ་ལའང་ནང་གསེས་ཀྱི་དབྱེ་བ་ཅུང་མི་མཚུངས་པར་བཞེད་པ་ཡོད། ལོག་ལྟའི་རྣམ་གཞག་འདི་ཀུན་ཤེས་རབ་མཛངས་ཤིང་ཕྲ་བ་ཞིག་དབེན་སྟབས་འུ་ཅག་རྣམས་ཀྱིས་ཇི་བཞིན་མི་འཚལ། སྐབས་རེ་རྐྱེན་དང་མ་འཕྲད་པའི་དབང་གིས་མངོན་དུ་མ་གྱུར་པའམ་བག་ལ་ཞ་བའི་ཚུལ་དུ་མཆིས། ཡོད་པ་གང་ཞིག་རྐྱེན་དང་མ་འཕྲད་སྐབས་དེ་ལྟར་འགྱུར། ལོག་ལྟ་སྐྱེ་ཚུལ་སྣ་ཚོགས་མཆིས་པས་མཐའ་གཅིག་ཏུ་ངེས་པ་བྲལ། སེམས་ཅན་གསོད་ལུགས་ལ་ལོག་ལྟ་ཇི་ལྟར་སྐྱེ་ཞུ་ན། དཔེར་ན། གང་ཟག་ཅིག་གིས་ རང་ཉིད་ལ་གནོད་པ་བསྐྱལ་ན། རང་ངོས་ནས་དེ་ལ་ཚིག་རྩུབ་དང་རྡེག་འདོད་ལ་སོགས་པའི་ཀུན་སློང་སྐྱེ། དེ་དང་ཆབས་ཅིག་དགེ་མི་དགེ་གང་དུ་འགྱུར་མིན་མི་རྟོག་པར་གནོད་འདོད་དེ་ཉིད་འོས་ཤིང་འཚམས་པ་ཞིག་ཡིན་སྙམ་པའི་བདེན་འཛིན་སྐྱེ། ཚིག་རྩུབ་སྨྲ་བ་ལ་སོགས་པར་ལོག་ལྟར་འགྱུར་ཚུལ། ཕ་རོལ་པོ་ལ་ཚིག་རྩུབ་སྨྲ་བ་དེ་ཉིད་འགྲིག་འདུག་སྙམ་པའི་བསམ་པ་དེ་ལོག་ལྟའི་འདུ་ཤེས། ལོག་ལྟའི་འདུ་ཤེས་དང་གནོད་སེམས་ཀྱི་ཀུན་སློང་ལྷན་ཅིག་ཏུ་ཚོགས་ཏེ་ཞེ་སྡང་དྲག་པོ་སྐྱེས་པས་སེམས་དེའི་དབང་དུ་གྱུར་པ་ལྟ་བུ་ལོག་ལྟས་དྲངས་པའི་ཉོན་མོངས། མདོར་ན་འདུ་ཤེས། ཀུན་སློང་དང་། ཉོན་མོངས་གསུམ་ག་ཚོགས་པ་ཡིན། ཞེ་སྡང་དྲག་པོས་གཞན་ཕ་རོལ་པོ་དེ་ཉིད་བསྒྲལ་ཡང་ཅི་མི་སྟོ་སྙམ་པ་དེ་ཉིད་ལོག་ལྟའི་ཀུན་སློང་ཅུང་གོ་དཀའ། ལོག་ལྟའི་ཀུན་སློང་ཚད་མར་བཟུང་སྟེ། སྐྱེ་བ་ཕྱི་མ་དང་། ལས་རྒྱུ་འབྲས་ལ་སོགས་པའི་མནོ་བསམ་མེད་པར་ཕ་རོལ་པོ་བསྒྲལ་འདོད་ཀྱི་ཀུན་སློང་དྲག་པོས་ལོག་ལྟ་མངོན་དུ་འགྱུར་བཞིན་ཡོད། དེ་ལྟའི་ལོག་ལྟ་ཤུགས་དྲག་པོའི་སྒོ་ནས་སྲོག་གཅོད་དང་ལོག་ལྟ་གཉིས་ཀ་ཚང་། དེས་ན་སྐབས་རེ་ལས་གཅིག་གི་སྟེང་དུ་མི་དགེ་བ་བཅུ་ཀ་འཛོམས་པ་ འབྱུང་སྲིད། ཉོན་མོངས་སྐྱེས་ཀྱང་ཡིད་མི་དགེ་བར་མི་འགྱུར་བ་ཡིན། ཡིད་དང་ཉོན་མོངས་གཉིས་ཡིད་ཆུ་ལྟ་བུ་དང་། ཉོན་མོངས་རྙོག་མ་ལྟ་བུ་ཡིན། བློ་གྲོས་དང་ལྡན་པའི་མཁས་པས་ཉོན་མོངས་པ་འདག་པར་བྱེད་ཅིང་། ཡིད་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་དཔལ་ལ་འགོད་པར་བྱེད། རྣམ་དཔྱོད་དང་ལྡན་པས་དྭངས་པའི་ཆུ་ལེན་ཅིང་སྙིགས་མ་འདོར་བར་བྱེད། དེ་ལྟར་མ་འཚལ་བས་རང་རེ་ལ་དཀའ་ཚེགས་དུ་མར་གྱུར། དེས་ཡིད་ཀྱི་མི་དགེ་བ་གཞི་བསམ་པ་སྦྱོར་བ་མཐར་ཐུག་དཔེ་མཚོན་ཙམ་ཞུས་ཟིན། དེ་ཡང་ཇི་སྐད་དུ། བླུན་པོའི་སྡིག་པ་ཆུང་ཡང་ལྕི། མཁས་པའི་སྡིག་པ་ཆེ་ཡང་ཡང། ཞེས་པ་ལྟར། མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྦྱོང་བགྱི་བའི་ཐབས་ལ་འབད་དགོས་པ་ཤིན་ཏུ་གནད་ཆེ། བདག་གི་སྐྱེ་བ་ཐོག་མ་མེད་པ་ནས་སྡིག་པའི་ལས་ཅི་བགྱིས་པ་མཐའ་དག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མ་མཁྱེན་པ་མེད་པའམ། ཡེ་ཤེས་སྤྱན་གྱིས་མ་གཟིགས་པ་དབེན་སྟབས། དེ་དག་ཐམས་ཅད་ཅི་ནས་ཀྱང་བཤགས་པའི་ཀུན་སློང་བགྱི་དགོས། འཕེན་རྫོགས་ཀྱི་ལས་ཀྱི་ཁྱད་པར་མདོར་བསྡུས་ཞུ་རྒྱུར། འཕེན་བྱེད་ཀྱི་ལས་ལ་ངེས་པ་ལྡན་ཡང་རྫོགས་བྱེད་ཀྱི་ལས་ལ་ངེས་པ་མེད། བདེ་འགྲོར་སྐྱེ་བ་ལེན་ཡང་དབང་པོ་མ་ཚང་བ། མི་བདེ་བ། ཚེ་ཐུང་བ། ནད་མང་བ་རྣམས་འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བ་ཡིན། ཡང་འགའ་ཞིག་འཕེན་བྱེད་ཡི་དྭགས་སུ་འཕངས་ཀྱང་ལོངས་སྤྱོད་ཆེ་བ་དང་། བདེ་སྐྱིིད་མཆིས་པ་རྣམས་རྫོགས་བྱེད་ཀྱི་ལས་བཟང་བའི་སྟོབས་ཡིན། འཕེན་བྱེད་ཀྱི་ལས་ཀྱིས་སྐྱེ་བ་གཅིག་ལས་དུ་མར་འཕེན་ཐབས་མེད། མངོན་པ་ཀུན་བཏུས་ནང། ལས་གཅིག་གིས་ལུས་དུ་མར་འཕེན་པ་སོགས་གསུངས། འགའ་ཞིག་གིས་སྐུ་མཆེད་རྣམ་གཉིས་ཚིག་ཐ་དད་པ་ལས་དོན་གྱི་དགོངས་པ་འགལ་མེད་དུ་སྒྲུབ་པའང་མཆིས་ཤིང་། འགའ་ཞིག་གིས་དགོངས་པ་ཐ་དད་དུ་ བཀྲལ་བའང་ཡོད། མི་གཅིག་གིས་རིགས་མཐུན་སྐྱེ་བ་གཅིག་ལས་འགྲོ་བ་གཞན་དུ་མི་འཕེན། ཡང་མི་གཅིག་གིས་ཀྱང་སྐྱེ་བ་བརྒྱ་ཕྲག་ཏུ་འཕེན་པའང་ཡོད། དེ་ཡང་དཔེར་ན། གནས་བརྟན་མ་འགགས་པས་སྐྱེ་བ་བཅོ་ལྔའི་བར་བསོད་སྙོམས་འབུལ་བའི་ལོ་རྒྱུས་ཡོད། མྱོང་བ་ངེས་པ་དང་མ་ངེས་པའི་ལས་གཉིས་ཡོད། ས་སྡེ་ལྔའི་ནང་བསམ་བཞིན་དུ་བྱས་ལ་མ་མྱོང་བའི་ལས་དེ་མྱོང་བ་ངེས་པའི་ལས་དང། བྱས་ལ་མ་བསགས་པ། རྨི་ལམ་ནང་སྲོག་བཅད་པ་ལྟ་བུ་ཡིན། དངོས་སུ་སྲོག་བཅད་པ་ལྟ་བུར་བྱས་བསགས་གཉིས་ཀ་ཚང་བ་ཡིན། ལུས་ངག་གི་བདུན་པོ་ལ་གོང་མཚུངས་ཡིན། ཡིད་ཀྱི་གསུམ་པོ་དེར། བྱས་མ་བྱས། སྲོག་གཅོད་དངོས་སུ་བརྩམ་མིན། བསགས་མ་བསགས། སྦྱོར་བ་མ་བྱས་པར་དངོས་གཞི་མི་འགྲུབ། བྱས་ལ་མ་བསགས། གཉེན་པོའི་སྟོབས་ཀྱིས་རྣམ་སྨིན་གྱི་འབྲས་བུ་མྱོང་ཐུབ་པ་ཞིག་ལ་འཇོག བསགས་ལ་མ་བྱས་པ། རྣམ་སྨིན་མྱོང་ངེས་ཀྱི་ལས། རྣམ་སྨིན་མྱོང་མི་ངེས་པའི་ལས། རྒྱལ་བ་མི་བསྐྱོད་རྡོ་རྗེས། ཐེག་དམན་གྱི་ལུགས་ལ་རྣམ་སྨིན་རྩ་བ

Photoshop Brushes Joomla 1.7 Themes designed by Baseball Jacke