Choose the best hosting by reading users web host reviews. Get the best joomla host online.

Статии

ཇ༽ བཙུན་མའི་དགུན་ཆོས་ཉིན་བདུན་པའི་གསུང་ཆོས།

ཐེག་པ་ཆེན་པོའི་ལམ་རིམ་དྭགས་པོའི་ཐར་རྒྱན་ཞུ་བར་བྱ་བ་ལ། སྤྱིར་སྐྱབས་འགྲོ་ལ་ཐེག་པ་ཐུན་མོང་གི་སྐྱབས་འགྲོ་དང་། ཐེག་པ་ཆེན་པོའི་སྐྱབས་འགྲོ་སོགས་དུ་མ་ཡོད། དེ་བཞིན་སེམས་བསྐྱེད་ཀྱང་ལྷན་དུ་འགྲོ་དགོས། ཐེག་པ་ཆེན་པོ་ལ་སྐྱབས་སུ་འགྲོ་བ་དེ་བཞིན་རྒྱལ་པོ་ ཆེན་པོ་ཞིག་ལ་སྐྱབས་སུ་འགྲོ་བ་དང་མཚུངས། དེས་ན་ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་གནད་གཅིག་ཏུ་འགྲོ་དགོས། སྤྱིར་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ཐམས་ཅད་སྐྱབས་འགྲོའི་མན་ངག་སྟོན་པ་འབའ་ཞིག་ཡིན། དེས་ན་ཆོས་ཐམས་ཅད་ཀྱི་ རྩ་བ་སྐྱབས་འགྲོ་ཡིན། དེ་ལ་ཐར་རྒྱན་ནང་གསུངས་པ་བཞིན་། ཐོག་མར་སྐྱབས་འགྲོའི་དབྱེ་བ་བསྟན། འདིར་ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་གྱི་སྐྱབས་ འགྲོ་གཉིས་ལས། ཁྱད་པར་གྱི་སྐྱབས་འགྲོ་ནི་ཐེག་ཆེན་ཐུན་མིན་གྱི་སྐྱབས་འགྲོ་དང། ལེགས་སྨོན་དང་། འཇིགས་སྐྱོབ་ཀྱི་སྐྱབས་འགྲོ་རྣམས་ཀྱང་སྐྱབས་འགྲོའི་ གྲལ་དུ་འཇོག་བཏུབ། ཐུན་མོང་གི་སྐྱབས་འགྲོ་ནི་སྐྱེས་བུ་ཆུང་ངུ་དང་འབྲིང་གཉིས་ཀྱི་སྐྱབས་འགྲོ་ཡིན། རྒྱུ་ཡི་གཙོ་བོ་གཉིས་ཏེ། འཇིགས་པ་དང་དད་པ་གཉིས། སྐྱེས་བུ་ཆུང་ངུ་ལའང་གཙོ་ཕལ་གཉིས་སུ་དབྱེ་སྟེ། ཚེ་འདི་ཁོ་ནའི་འཇིགས་པའམ་ཚེ་འདི་ཁོ་ན་ལས་དོན་དུ་མི་གཉེར་བ་རྣམས་ལ་ཡང་དམ་པའི་ཆོས་ཀྱིས་ཕན་ཐོགས་བསྒྲུབ་རྒྱུ་ཅི་མཆིས་མནོ་བསམ་གཏོང་དགོས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚེ་འདི་སྣང་གི་མནོ་བསམ་གཏོང་མཁན་རྣམས་ལ་ཡང་ཕན་བདེ་བསྒྲུབ་རྒྱུའི་དགོངས་པ་བཞེས་ཡོད། སྐྱེས་བུ་ཆུང་ངུ་ངན་འགྲོའི་སྡུག་བསྔལ་ལས་འཇིགས་པ་དང། སྐྱེས་བུ་འབྲིང་དེ་འཁོར་བའི་སྡུག་བསྔལ་ལས་འཇིགས་ཤིང་། སྐྱེས་བུ་ཆེན་པོ་སྲིད་ཞི་གཉིས་ཀར་འཇིགས་པ་དེ་ཡང་གོ་བ་དང་། ཁ་ཕྱིར་ལྟ་ཙམ་མ་ཡིན་པ་རྒྱུ་མཚན་ངེས་རྙེད་ཀྱི་སྒོ་ནས་ངན་འགྲོའི་སྡུག་བསྔལ་ལས་འབྲལ་འདོད་ཀྱིས་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་གཉིས། དེ་བཞིན་འཁོར་བའི་འཇིགས་པ་མཐའ་དག་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་མངའ་བ་འཚལ་ནས་དེ་ཉིད་ལ་སྐྱབས་སུ་འགྲོ་བ་སྐྱེས་བུ་འབྲིང་གི་སྐྱབས་ འགྲོ་ཡིན། དེ་བཞིན་སྲིད་ཞིའི་འཇིགས་པ་ཀུན་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་མངའ་བ་འཚལ་ནས་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆེན་པའི་སྐྱབས་སུ་འགྲོ་ ཚུལ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ལ་མཚོན་ན། དེ་ཡང་སྔགས་བླ་མེད་ཀྱི་དགོངས་པར་ཚེ་འདི་ཉིད་ལ་བླ་མེད་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནས་མཁའ་ཁྱབ་ སེམས་ཅན་མ་ལུས་ཚེ་འདི་ཉིད་ལ་བསྒྲལ་འདོད་ཀྱི་བློ་ཁྱད་པར་ཅན་དང་ལྡན་པ་ནི་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་སྐྱེས་བུ་ཞིག་གི་སྐྱབས་སུ་འགྲོ་ ཚུལ་ཡིན། ༼སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཟག་གང་ཞིག་ལ་བློ་གཟུ་བོར་གནས་པའི་སྒོ་ནས་སྐྱབས་གནས་ཡང་དག་གང་ཞིག་ཡིན་མིན་རྟོག་དཔྱོད་བགྱིད་ནུས་པའི་གང་ཟག་ཅིག་ཡིན་ཚེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན། སྤངས་རྟོགས་མཐར་ཕྱིན་པའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་ཡིན། མདོར་ན་རང་ཉིད་ལ་ཉམས་མྱོང་ཚད་མའམ་རྒྱུ་མཚན་ཚད་མ་ཞིག་རྙེད་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་པ་ཡིན། དེས་དད་པ་གནད་ཆེན་པོ་ཡིན་པར་བསྟན། བསྟོད་པ་བརྒྱ་ལྔ་བཅུ་པ་ཞེས་པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད། ལོ་རྒྱུས་ཚད་མར་གཏུགས་ཚེ་བསྟོད་པ་དེ་ཉིད་སྔར་ནས་བྱུང་ཞིང་དེ་ཡང་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱི་སྔོན་ནས་བྱུང་། སངས་རྒྱས་འཇིག་རྟེན་དུ་འཚོ་ཞིང་གཞེས་པའི་དུས་འདབ་ཆགས་སྐད་སྙན་ཞིག་གི་སྐྱེ་བ་བཞེས་ཏེ་ཡོད་ཚེ་མ་འོངས་པ་ན་འདབ་ཆགས་དེ་ཉིད་ངོས་ལ་བསྟོད་པ་བྱ་བའི་སྐྱེས་བུ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན་པ་ལྟར། དེས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་དེ་ཉིད་སློབ་དཔོན་ཕྱོགས་གླང་གིས་གཟིགས་པས་ཐུགས་རབ་ཏུ་འཕྲོགས་ཏེ། ཁོང་གིས་སྤེལ་མར་བསྟོད་པ་ཞིག་མཛད། དེ་ཡང་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིགས་བཅད་རེ་རེའི་དབུར་དྲི་བའི་ཚུལ་དུ་མཛད་ཕྱིར། བོད་དུ་རང་རེའི་མཁས་པ་རྣམས་ཀྱིས་བསྟོད་པ་བརྒྱ་ལྔ་བཅུ་པ་དེ་ཉིད་དྲི་བ་དེ་ཉིད་ཀྱི་མཇུག་ཏུ་བྱུང་བར་ངོས་འཛིན། འོན་ཏང་བསྟོད་པ་བརྒྱ་ལྔ་བཅུ་པ་སྔོན་ནས་བྱུང་བ་དང། མཇུག་ཏུ་དེ་དག་ལ་དྲི་བ་མཛད་པ་ཡིན་ཚུལ་རྒྱའི་སློབ་དཔོན་དབྱིས་ཅིང་གིས་གསུངས། སློབ་དཔོན་དེ་ ཉིད་དུས་རབས་བདུན་པར་རྒྱ་གར་དུ་བྱོན།༽ འཇིགས་པ་ཡོད་པ་ལ་བརྟེན་ནས་སྐྱབས་འཚོལ་འདོད་དང་། འཇིགས་པ་དེ་ལས་སྒྲོལ་འདོད་ཀྱི་སྐྱབས་རྙེད་སྐབས་ དེ་ལ་དད་པའི་བློ་སྐྱེ་བ་ཡིན། དད་པ་དེ་ཡང་ཡིད་ཆེས་ཀྱི་དད་པ་གཙོ་བོ་དང་། འཇིགས་དད་གཉིས་སྐྱབས་འགྲོའི་རྒྱུ་གཙོ་བོ་ཡིན། གཅྖ་མཱི། ཞེས་པ་སྐྱབས་གནས་ལ་ཡིད་ཆེས་པ་ཙམ་མ་ཡིན་པར་རང་ཉིད་སྐྱབས་གནས་ཀྱི་གོ་འཕང་ལ་མངོན་དུ་འགྱུར་འདོད་ཀྱི་བློ་ཞིག་སྟེ། མཐར་ཐུག་མངོན་འདོད་ཀྱི་དད་པ་དགོས། དེ་ཉིད་རང་ལ་མངོན་དུ་གྱུར་ཚེ་འཇིགས་པ་མཐའ་དག་ལས་གྲོལ་བ་བརྒྱ་ཆ་བརྒྱར་ངེས་པ་ཡིན། དད་པ་ལ་གསུམ་ལས་དེ་ཉིད་མངོན་འདོད་ཀྱི་དད་པ་ཡིན། འཛམ་བུ་གླིང་ནང་ཆོས་ཀྱི་རྗེས་འཇུག་ཕལ་ཆེ་བ་ཡིད་ཆེས་པའི་དད་པའི་རྗེས་སུ་འབྲང་བ་ཡིན། འོན་ཀྱང་ནང་པར་ཆོས་པ་ཚད་ལྡན་ཞིག་འགྱུར་བ་ལ་ཐར་པ་དོན་གཉེར་གྱི་བློ་ཤུགས་དྲག་ཅིག་དགོས་པ་དང་། དེ་བཞིན་ནང་པར་གཙོ་བོ་མངོན་འདོད་ཀྱི་དད་པ་དགོས་པ་ཡིན། དབྱེ་བ་དང་རྟེན་གཉིས་ཅུང་ཟད་ཞུས་ཟིན་ནས་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ ཉན་ཐོས་སྡེ་པའི་ལུགས་དང་། ཐེག་པ་ཆེན་པོའི་ལུགས་གཉིས་ཅུང་མི་འདྲ་བ་ཡིན། དེ་ཉིད་ཅུང་རྙོག་སྟབས་ཉན་ཐོས་སྡེ་པའི་ལུགས་ཞུ་མི་དགོས་པ་བྱ་རྒྱུ་ཡིན། སངས་རྒྱས་ཀྱིས་བསྟན་པ་གཏད་ཡུལ་དེ་ལྷ་དང་མི་གཉིས་ལས། ལྷའི་ནང་ནས་རྒྱལ་ཆེན་རིས་བཞིར་སྩལ་ཅིང་། མིའི་ནང་ནས་གནས་བརྟན་འོད་སྲུང་ཆེན་པོ་ལ་ གཏད། བསྟན་པ་འཛིན་མཁན་འཁོར་རྣམ་བཞི་སྟེ། རབ་བྱུང་ཕོ་མོ་གཉིས་ཏེ། དགེ་སློང་དང་། དགེ་སློང་མ། ཁྱིམ་པ་ཕོ་མོ་གཉིས་ཏེ། དགེ་བསྙེན་ཕ་དང་། དགེ་བསྙེན་མ་སྟེ་འཁོར་རྣམ་པ་བཞི་ཡོད། བཀའ་གདམས་པའི་དགོན་པ་ཉམས་གུད་དུ་སོང་བའི་སྐབས་བཙུན་མས་བཟུང་བའི་ལོ་རྒྱུས་ཡོད། ཀརྨ་པ་བཅུ་པ་ ཆོས་དབྱིངས་རྡོ་རྗེའི་སྐབས་དབུས་གཙང་ནང་རབ་བྱུང་བཙུན་པའི་དགོན་པ་ལས་ཇོ་མོའི་དགོན་པ་མང་། ཇོ་མོ་རྣམས་ཀྱང་མཁས་བཙུན་བཟང་གསུམ་ལྡན་པ་མང་། བཀའ་གདམས་པའི་དགོན་པ་དུ་མ་བཙུན་མས་འཛིན་པ་ལྟར་བསྟན་པ་ཡང་དག་པར་འཛིན་ཡོད་ཀྱང་ ལོ་རྒྱུས་ནང་འཁོད་མིན་སྣ་ཚོགས་ཡོད།

Photoshop Brushes Joomla 1.7 Themes designed by Baseball Jacke