Choose the best hosting by reading users web host reviews. Get the best joomla host online.

Статии

ཉ༽ བཙུན་མའི་དགུན་ཆོས་ཉིན་བརྒྱད་པའི་གསུང་ཆོས།

ཐུན་མོང་གི་ཆོ་ག་གསུངས་པའི་སྐབས། བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར་དུ་ཞེས་འབྱུང་དགོས་པས་འདིར་ཡི་གེ་ནོར་བ་ཡིན། དེ་རིང་འདིར་སྐྱབས་སུ་འགྲོ་བའི་ཡུལ་གྱི་སྐོར་ཞུ་རྒྱུ་ཡིན། སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། དཀོན་མཆོག་གསུམ་སོ་སོའི་རྣམ་གཞག་ཕྱེ་སྐབས་ཉན་ཐོས་ཐེག་པའི་ལུགས་དང་། ཐེག་པ་ཆེན་པོའི་ལུགས་ཅུང་མི་འདྲ་བ་ཡིན། ཉན་ཐོས་སྡེ་པའི་ལུགས་ ལ་སངས་རྒྱས་དཀོན་མཆོག་དེ་སངས་རྒྱས་སུ་མི་བཞེད་པར་སློབ་ལམ་དུ་འདོད། སངས་རྒྱས་ཤཱཀྱ་ཐུབ་པ་དེ་སངས་རྒྱས་ཡིན་ལ་དཀོན་མཆོག་མ་ཡིན། ཉན་ཐོས་སྡེ་པར་དཀོན་མཆོག་གསུམ་སོ་སོར་རྣམ་གཞག་ཐ་དད་ཡོད། འོན་ཀྱང་རེ་རེ་བཞིན་ཞུ་མི་དགོས་པ་བྱ་རྒྱུ་ཡིན། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བའི་ཡུལ་བཤད་སྐབས། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན། སངས་རྒྱས་ཀྱི་ངོ་བོའམ་མཚན་ཉིད་ནི་རྒྱུད་བླ་མ་ལས་གསུངས་པའི་སྐྱབས་གནས་མཐར་ཐུག་དེ་ཉིད་འདིར་བཞག་ན་ཐར་རྒྱན་དང་མཐུན་ཤས་ཆེ་བ་ཡིན། སངས་རྒྱས་ཀྱི་ཐུན་མིན་ཡོན་ཏན་བརྒྱད་ནི་རྒྱུད་བླ་མ་ལས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་རྣམས་བཞག་སྟེ། འདུས་མ་བྱས་པ་རང་བཞིན་རྣམ་དག་གི་ཡོན་ཏན་དང་། ལྷུན་གྱིས་གྲུབ་པ་གློ་བུར་རྣམ་དག་གི་ཡོན་ཏན། གཞན་རྐྱེན་གྱིས་རྟོགས་པར་པར་མི་ནུས་པ་དང་། མཁྱེན་བརྩེ་ནུས་གསུམ་དང་། དོན་གཉིས་ལྡན་པ་སོགས་བརྒྱད་བསྟན་ཡོད། དེ་བཞིན་ཆོས་དཀོན་མཆོག་དེ་ཡང་བསམ་མེད་གཉིས་མེད་རྟོག་མེད་ལ་སོགས་ པའི་འཕགས་པའི་མཉམ་གཞག་གི་ཡོན་ཏན་བརྒྱད་པོར་འཇོག་དགོས་ཤིང་། དགེ་འདུན་དཀོན་མཆོག་ནི་ཇི་ལྟ་ཇི་སྙེད་ནང་གིས་ནི་ཞེས་སོགས་རིག་གྲོལ་ཡོན་ཏན་བརྒྱད་དང་ལྡན་པའི་འཕགས་པ་དེ་ཉིད་འཇོག་དགོས། ཐེག་ཆེན་ཐུན་མིན་གྱི་རྣམ་གཞག་ཡོན་ཏན་མདོར་བསྡུས་པ་ཙམ་ཞུས་ན་དེ་ལྟར་ཡིན། འདུས་མ་བྱས་ཤིང་ཞེས་པ་དེར་ཡང་ཐུན་མིན་གྱི་རྣམ་གཞག་དུ་མ་ འཇོག་རྒྱུ་ཡོད། རང་བཞིན་རྣམ་དག་ངོ་བོ་འདུས་མ་བྱས་ཙམ་མ་ཡིན་པ་རྒྱས་འགྱུར་རིགས་ཀྱང་འདུས་མ་བྱས་ཀྱི་ངོ་བོར་འགྱུར་བ་ཡིན་ཚུལ་སོགས་ཐུན་མིན་ གྱི་དཀའ་གནད་ཆེན་པོ་ཡོད། དགེ་འདུན་དཀོན་མཆོག་དེ་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་ཡིན་ན་རིག་གྲོལ་གྱི་ཡོན་ཏན་གཉིས་དང་ ལྡན་པ་ལས། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་པས་མ་ཁྱབ། དགེ་འདུན་དཀོན་མཆོག་གཙོ་བོ་དག་པ་ས་གསུམ་ལ་གནས་པའི་དགེ་འདུན་རྣམས་ ཡིན། དག་པ་ས་གསུམ་ལ་གནས་པའི་དགེ་འདུན་རྣམས་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན། དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པ། འདི་སྐབས་འགོག་པའི་བདེན་པར་གསུངས། རྒྱུན་དུ་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ཡོན་ཏན་ཙམ་མ་ཡིན་པར་ཡེ་ཤེས་ལ་འཇོག་དགོས་སྙམ། གནས་སྐབས་དང་མཐར་ཐུག་གི་སྐྱབས་ཀྱི་ཁྱད་པར་ཞུ་རྒྱུར། གནས་སྐབས་ཀྱི་སྐྱབས་ཡིན་པའི་རྒྱུ་མཚན་ནི། ཇི་སྐད་དུ། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། མེད་དང་འཇིགས་པའི་ཆོས་ཅན་ཕྱིར། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། སངས་རྒྱས་མཐར་ཐུག་གི་སྐྱབས་ཡིན་ པའི་རྒྱུ་མཚན་ནི། རྒྱུད་བླ་མ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། ཞེས་དང་། དམ་པའི་དོན་དུ་འགྲོ་བ་ཡི། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། ཞེས་གསུངས་པ་ལྟར་རོ། སློབ་པ་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཆོས་རང་གི་ངོ་སྐལ་དུ་སྤང་བྱ་མཐའ་དག་ སྤངས་ཟིན་ཀྱང་གཞན་ངོར་སྤངས་པ་མཐར་ཐུག་པ་མིན། སློབ་པ་འཕགས་པ་རྣམས་ཀྱང་རང་ཉིད་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའི་གང་ཟག་དང་། སྐྱབས་གཞན་འཚོལ་དགོས་པའི་ཕྱིར་སྐྱབས་གནས་མཐར་ཐུག་པ་མ་ཡིན། གཉིས་སྣང་འཁྲུལ་པའི་བག་ཆགས་དང་བཅས་པ་ཡིན་སྟབས་མཐར་ཐུག་གི་སྐྱབས་ མ་ཡིན་པ་གསལ་བར་གྱུར། ཐུབ་པ་སངས་རྒྱས་མཐར་ཐུག་གི་སྐྱབས་ཡིན་པའི་རྒྱུ་མཚན་ནི། ཆོས་ཀྱི་སྐུ་བརྙེས་པའི་རྒྱུ་མཚན་ནམ ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ་མཐར་ཐུག་པའི་སྐྱབས་ཡིན། ལམ་གྱི་བགྲོད་པ་མཐར་ཐུག་པ་མ་ཡིན་པ་དེ་གནས་སྐབས་ཀྱི་སྐྱབས་ཡིན། དགོས་པ་ཁྱད་པར་ཅན་གྱི་དབང་གིས་སྐྱབས་གསུམ་རྣམ་པར་བཞག་པ་ཡིན། དེ་ཡང་ཇི་སྐད་དུ། སྟོན་པ་བསྟན་པ་བསླབ་དོན་གྱིས། ཐེག་པ་གསུམ་དང་བྱེད་གསུམ་དང་། མོས་པ་རྣམས་ཀྱི་དབང་བྱས་པས། སྐྱབས་གསུམ་རྣམ་པར་ བཞག་པ་ཡིན། ལམ་གྱི་བགྲོད་པ་མཐར་ཐུག་ཏུ་མ་རྫོགས་ཀྱང་རྫོགས་པ་ལྟར་སྣང་བའི་ཕྱིར་གནས་སྐབས་ཀྱི་སྐྱབས་སུ་འཇོག །གནས་སྐབས་ཀྱི་སྐྱབས་ གནས་ཆོས་དང་དགེ་འདུན་གཉིས་དང་། མཐར་ཐུག་གི་སྐྱབས་སངས་རྒྱས་ཉག་གཅིག་ཡིན། ཐ་སྙད་བདེན་པ་དང་། དོན་དམ་བདེན་པའི་སྒོ་ནས་སྐྱབས་གནས་འཇོག་ཚུལ། དེ་བཞིན་ཀུན་རྫོབ་དང་། དོན་དམ་གྱི་སྒོ་ནས་འཇོག་ཚུལ། གཞན་ཡང་གནས་སྐབས་དང་། མཐར་ཐུག་གི་སྒོ་ནས་འཇོག་ཚུལ་སོགས་རྣམ་གྲངས་དུ་མ་ཡོད། མཆོག་གསུམ་སྐྱབས་གནས་སུ་འོས་པའི་རྒྱུ་མཚན། རྒྱུ་མཚན་དང་པོ། ༡༽རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ་བ། ༢༽གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་ནུས་པ། ༣༽ཐུགས་རྗེ་ཆེན་པོ་ལ་ཉེ་རིང་མེད་པ། ༤༽ཕན་བཏགས་པ་དང་མ་བཏགས་པའི་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པ་མ་འདྲེས་པའི་མཛའ་བཤེས་ཆེན་པོ་ཡིན། དེས་ན་སངས་རྒྱས་ལ་དེ་ལྟའི་ཡོན་ཏན་ཚང་བའི་སྐྱབས་ཁྱད་པར་ཅན་དུ་རིག་ཚེ་ཆོས་དེ་ཡང་བསླུ་བ་མེད་པའི་རང་བཞིན་དུ་རྟོགས་ནུས། དེ་བཞིན་དགེ་འདུན་ཡང་ཁྱད་པར་ཅན་དང་བསླུ་བ་མེད་པ་ཡིན་པའི་ངེས་ཤེས་འདྲོངས་ཐུབ་པ་ཡིན། སངས་རྒྱས་སྐྱབས་སུ་འོས་པའི་རྒྱུ་མཚན་ཤེས་ན་ཆོས་དང་དཀོན་མཆོག་གཉིས་ཀྱང་སྐྱབས་སུ་འོས་པ་རང་བཞིན་གྱིས་ཤེས། སྐྱབས་སུ་སོང་བའི་ཚད་། ༡༽ དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ༢༽ སྐྱབས་གནས་ཀྱི་ཁྱད་པར་ཤེས་པ། ༣༽ སྐྱབས་གནས་སུ་ཁས་ལེན་པ། ༤༽དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་གནས་ཁས་མི་ལེན་པ། སློབ་དཔོན་ཤནྟི་པ་སོགས་ཀྱིས་ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། གསུངས་པ་བཞིན་ ནང་པ་ཡིན་མིན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མ་འགྲོའི་སྒོ་ནས་འཇོག་དགོས་ཤིང་། དཀོན་མཆོག་གསུམ་རྩ་བའི་སྐྱབས་གནས་སུ་ཁས་ལེན་པ་ཞིག་དགོས་པ་ ཡིན། ཨ་མདོ་ཨ་རིག་གི་དཔོན་ཞིག་ཇོ་བོ་མཇལ་ཕྱིར་ལྷ་སར་བསྐྱོད་དེ་དེར་མགྲོན་ཁང་ཞིག་ཏུ་གནས། དེ་ཉིད་ཀྱི་གནས་མོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། དྭགས་པོ་བཀའ་བརྒྱུད་པ་ཐམས་ཅད་ཀྱི་ཡི་དམ་གཙོ་བོ་འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་སུ་ཕྱག་ཞབས་དུ་མར་ལྡན། དུས་གསུམ་མཁྱེན་པའི་ཐུགས་དམ་ལྷ་ ལྔ་ཚན་ལྔའི་ནང་བདེ་མཆོག་ལྷན་སྐྱེས་མ་ཞལ་གཅིག་ཕྱག་གཉིས་ཡིན། དེའི་ནང་ཀཾ་ཚང་གི་ཡི་དམ་རྡོ་རྗེ་ཕག་མོ་ཡིན། དུས་གསུམ་མཁྱེན་པའི་ཐུགས་དམ་ལྷ་ལྔ་ཚན་ལྔ་ནི། བདེ་མཆོག་ལྷ་ལྔ། ཕག་མོ་ལྷ་ལྔ། སྒྲོལ་མ་ལྷ་ལྔ། རྒྱལ་བ་རྒྱ་མཚོ་ལྷ་ལྔ། ། ཆོས་སྐྱོང་ངམ་སྲུང་མ་ནི། མ་མགོན་མགར་གསུམ་གསུམ་ཡིན། ཕ་མེས་ཀྱི་ལྷ་མོ། ལྷ་མོ་རང་བྱུང་རྒྱལ་མོ། རྗེ་ཀརྨ་པཀྵི་ནི། མི་རྒྱུད་རྙིང་མ་ཡིན་སྟབས་ཆོས་སྐྱོང་འཁོར་ལྔ་ཡོད་ཀྱང་རྡོ་རྗེ་ལེགས་པ་ཡོད། དེ་བཞིན་མགོན་པོ་བེར་ནག་ཅན། འདིར་སྐྱབས་སུ་འགྲོ་ཡུལ་ཡིན་སྟབས་ཆོས་སྐྱོང་ཡེ་ཤེས་པ་ཁོ་ན་འཇོག་དགོས་གསུང་སྲོལ་ཞིག་དང་། ཁ་ཅིག་ངོ་བོ་ཡེ་ཤེས་པ་ཡིན་ཡང་རྣམ་པ་འཇིག་རྟེན་པའི་ཚུལ་བཟུང་བའི་དགོས་པ་རྒྱུ་མཚན་མཆིས་སྟབས་ཡེ་ཤེས་པའི་ཁོངས་སུ་འཇོག་པ་མི་འཐད་ཅེས་གསུང་སྲོལ་ཡོད། ཆོས་སྐྱོང་ཞེས་པ་དམ་པའི་ཆོས་སྐྱོང་མཁན་ཡིན་ཅིང་། རང་ཉིད་ཆོས་དང་མཐུན་པའི་བྱ་བ་སྒྲུབ་ན་དེའི་གྲོགས་བྱ་ཞིང་། ཆོས་དང་མཐུན་པ་མ་བགྱིས་ན་ཚར་གཅོད་པ་ཡིན།

Photoshop Brushes Joomla 1.7 Themes designed by Baseball Jacke