slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow

འཕགས་མ་བདེ་བྱེད་མའི་དགུན་ཆོས་

གནས་མཆོག་རྡོར་གདན་དུ་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་བསྐྱངས་པ།

 

ཕྱི་ལོ་  ༢༠༡༤  ཟླ  ༡   ཚེས་  ༢༠  ནས་བཟུང་ཀཾ་ཚང་བཀའ་བརྒྱུད་ཀྱི་བཙུན་མའི་དགུན་ཆོས་ཐེངས་དང་པོ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འདབས་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་དུ་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་དབུ་འཛུགས་བསྐྱངས་ཤིང་།  གཞན་ཡང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་བླ་སྤྲུལ་རྣམ་པ།  མཁན་པོ་དང་དགེ་བའི་བཤེས་གཉེན་རྣམ་པ།

 

 དེ་བཞིན་ཁྲ་འགུ་ཚང་དང་།   ཏི་ལོག་པུར།   འབྲུག་ཐེག་མཆོག་གླིང་། བསམ་གཏན་གླིང་།  ལེགས་བཤད་གླིང་།  བཀྲ་ཤིས་ལྗོངས་ཨ་ནེའི་བཤད་གྲྭ་བཅས་བཤད་གྲྭ་ཁག་དྲུག་ཙམ་ནས་བཙུན་མ་ཉིས་བརྒྱ་ལྔ་བཅུ་ཙམ་འདུས་ཡོད་ཅིང་།  ཁོང་རྣམས་ཕྱི་ཟླ་གཉིས་པའི་ཚེས་  ༢  བར་བདུན་གཉིས་རིང་དགུན་ཆོས་ཀྱི་དམ་བཅའ་མཛད་རྒྱུ་ཡིན་འདུག  འདི་ལོ་ཨ་ནེ་རྣམ་པའི་དགུན་ཆོས་ཀྱི་བརྗོད་གཞི་གཙོ་བོ་ནི་བསྡུས་པ་རིགས་ལམ་ཆུང་བ་ཡིན་འདུག

 

དེ་ཉིན་བཙུན་མའི་དགུན་ཆོས་ཀྱི་ཐོག་མའི་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་མཁན་གྱི་གྲངས་སུ་ཐོག་མར་སྐུའི་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་མཆོག་ནས་བུད་མེད་ཀྱི་ཤེས་རབ་དང་སྤོབས་པའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་།  དེ་བཞིན་ཨ་ནེ་དམ་ཆོས་ལགས་དང་ཨ་ནེ་རྨེའུ་རུང་ལགས་གཉིས་ནས་ཀྱང་གོང་གསལ་བརྗོད་གཞི་དང་གཅིག་མཚུངས་སྐོར་གསུང་བཤད་གནང་།  རུམ་བཏེག་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་མཆོག་ནས་རྒྱལ་དབང་མཆོག་གིས་བསྟན་པ་སྤྱི་དང་བྱེ་བྲག་བཙུན་མ་རྣམས་ཀྱི་ཕན་བདེའི་དོན་དུ་ཐུགས་ཁུར་བཞེས་ཚུལ་སྐོར་གསུང་བཤད་གནང་།  ཤེས་རབ་གླིང་བཤད་གྲྭའི་སློབ་སྤྱི་མཁན་པོ་ཚུལ་ཁྲིམས་རྣམ་དག་མཆོག་ནས་བཙུན་མས་གཞུང་རིགས་ཀུན་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་གྱི་གསུང་བཤད་རིམ་པར་སྩལ་ཅིང་། 

 

 ལྷག་པར་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བུད་མེད་ཀྱི་རྟེན་ལ་ཡང་དགྲ་བཅོམ་མ་དང་བྱང་ཆུབ་སེམས་མའི་གོ་འཕང་ཐོབ་རྒྱུ་ཡོད་པ་དཔེ་མཚོན་དང་བཅས་གསུངས་ཏེ་བཙུན་མ་རྣམས་ཀྱི་བློ་སྤོབས་གོང་མཐོར་སྤེལ་བར་མཛད།

 

དེ་རྟིང་དཔལ་༸རྒྱལ་བའི་དབང་པོ་ཀརྨ་མཆོག་ནས་བཀའ་སྩལ་ཕེབས་དོན་དུ།  དེ་རིང་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ནང་པ་སངས་རྒྱས་པའི་གནས་མཆོག་ཏུ་གྱུར་པ་འདིའི་སྟེང་ལ་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐོག་མར་དབུ་ཚུགས་པའི་སྐབས་འདིའི་ཚོགས་མགོན་དུ་ཕེབས་པའི་རིགས་ཀུན་ཁྱབ་བདག་གསང་བའི་མཛོད་འཛིན་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་།  དེ་བཞིན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ་རྣམ་པ།  དེ་བཞིན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་།  གཞན་ཡང་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

དེ་རིང་ངོས་རང་ཆམ་པ་ཕོག་སྟབས་སྐད་ཆ་འཕྲོད་པོ་ཡོང་ས་མ་རེད།  དེའི་ཐོག་དུས་ཚོད་ཀྱང་རྫོགས་ཟིན།  འོན་ཏང་རང་རེ་བོད་པར་དགའ་སྐྱིད་བྱུང་ཚེ་དམིགས་བསལ་དུས་ཚོད་མེད།  དེས་ན་དུས་དང་དུས་མེད་པར་དུས་ཚོད་བསྣར་ཆོག  གོང་དུ་ངོས་ནས་ཞུ་རྒྱུ་ཐམས་ཅད་ཁོང་རྣམ་པས་གསུངས་གྲུབ་སྟབས་ངོས་ལ་ཅི་བཤད་འདི་བཤད་མི་འདུག  མ་བཤད་ན་ཡང་མ་འགྲིག  བཤད་རྒྱུ་ཐམས་ཅད་གསུངས་ཟིན་སོང་།

 

འོན་ཀྱང་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་དེ་ཁང་པ་ལྟ་བུ་ལ་ཆ་མཚོན་ན་ཁང་པ་ལ་ཀ་བ་དང་གདུང་མ་ཡོད་པ་ལྟར། ཁང་པ་ཞིག་ལ་ཀ་བ་བཞི་ཡོད་ན་དེ་ལས་ཀ་བ་གཉིས་དགེ་སློང་དང་དགེ་སློང་མ།   ཀ་བ་གཞན་གཉིས་དེ་དགེ་བསྙེན་ཕ་དང་དགེ་བསྙེན་མ་དེ་འདྲ་ཡིན།  དེས་ན་སངས་རྒྱས་ཀྱི་བསྟན་པའི་ཁང་པ་དེ་ཀ་བ་བཞི་པོ་དེ་དག་ལ་བརྟེན་པ་ཡིན་སྟབས་མེད་དུ་མི་རུང་བ་ཡིན།  སྔོན་༸སྐྱབས་མགོན་རིན་ཆེས་ངོས་ལ་གསུང་གསལ་དུ།  དགེ་སློང་མ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའི་བཅས་པའི་ནང་ཐམས་ཅད་ཡོད།  ད་ལྟ་མེད་པ་དེ་རང་རེས་མ་འབྱོན་པའམ་འཐུས་ཤོར་ཕྱིན་པ་ལས་སངས་རྒྱས་ཀྱིས་གཅིག་གསུངས་པ་རེད།  གཉིས་གསུངས་པ་རེད་ཅེས་པ་ཅི་ཡང་མེད།  དང་པོ་ནས་བཀའ་ཡི་བཅས་པ་གནང་ཟིན་པ་རེད།  དེས་ན་ང་རང་ཚོའི་ངོས་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་བཀའ་སློབ་གནང་མྱོང་ཡོད་པ་ལྟར་དེ་ཉིད་དངོས་འབྲེལ་རེད།

 

བོད་འདི་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པ་དེ་བསྒྲུབ་ཨེ་ཐུབ་བལྟ་བཞིན་ཡོད།  དེ་སྒྲུབ་སྐབས་ལམ་རིམ་གྱི་ཁྲིད་ཡིག་སོགས་ཀྱི་ནང་ཆོས་ཚིགས་ཀྱི་ཡུལ་དབུས་བཤད་སྐབས་འཁོར་རྣམ་བཞི་རྒྱུ་བ་དེ་མ་བཤད་རང་བཤད་རེད།  འཁོར་རྣམ་བཞིའི་གྲངས་འདྲེན་ཚུལ་དེར་འགའ་ཞིག་ནང་ཕྲན་བུའི་འགྱུར་བ་བཏང་ནས་དགེ་སློང་ཕ་དང་དགེ་སློང་མ་ཞེས་བརྗོད་མི་བཏུབ་པར་བརྟེན་དགེ་ཚུལ་ཕ་དང་དགེ་ཚུལ་མ་ཞེས་བསྣན།  སངས་རྒྱས་ཀྱི་བཀའ་དང་རྒྱ་གར་མཁས་པའི་བསྟན་བཅོས་དེ་དག་གི་ནང་འཁོར་རྣམ་བཞིའི་ཁོངས་སུ་དགེ་ཚུལ་ཕ་དང་མ་གསུངས་པ་དེ་ཙམ་མེད།  ང་ཚོས་དེའི་ཚབ་མཚོན་བྱེད་དུ་འཇུག་ན་འགྲིག་གི་ཡོད་ཤས་ཆེ་ཡང་།  འགའ་ཞིག་གིས་བོད་གངས་ཅན་ལྗོངས་ཀྱི་ནང་དགེ་སློང་མ་ཡོད་དེ་དགེ་སློང་ཕ་མཚན་འགྱུར་བའི་དགེ་སློང་མ་ཡོད་པའི་ཕྱིར།  ཞེས་པ་དེ་ལྟར་བརྗོད་པ་ཡང་འདུག  །   གང་ལྟར་ས་ཆའམ་ཡུལ་གྲུ་དེ་ནང་པ་སངས་རྒྱས་པའི་ཡུལ་གྲུའམ་རྒྱལ་ཁབ་ཅིག་ཡིན་མིན་ཟེར་བའམ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་མིན་གཙོ་བོ་འཁོར་རྣམ་བཞི་རྒྱུ་བའམ་འཁོར་རྣམ་བཞི་ཡོད་མེད་དང་།  དེ་ཡང་འཁོར་རྣམ་བཞིའི་གཟུགས་བརྙན་མཆིས་པ་ཙམ་མ་ཡིན་པར་དེ་དག་ལ་བསླབ་པ་ཆ་ཚང་བ་ཡོད་མེད་དེ་འདྲ་ཞིག་ལ་རག་ལུས་ཡོད་སྟབས་སངས་རྒྱས་ཀྱི་བསྟན་པའི་རྨང་གཞི་ནས་བརྗོད་ཀྱང་ཤིན་ཏུ་གལ་ཆེ་ཞིག་ཏུ་གྱུར་ཡོད། 

 

 དེ་བཞིན་གོང་དུ་གསུང་བཤད་གནང་མཁན་ཚོས་གསུངས་པ་ལྟར་འཛམ་བུ་གླིང་གི་ནང་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད།  དེའི་ནང་ནས་བཞི་བཅུ་ལྷག་ཙམ་བུད་མེད་རེད་ཅེས་ཟེར།  དེ་དག་ལས་ཆོས་ལུགས་ལ་དད་པ་བྱ་མཁན་བུད་མེད་མང་བ་ཡོད།   དེས་ན་བུད་མེད་མང་བའི་གྲངས་འབོར་གྱི་གནས་སྟངས་ལ་མནོ་བསམ་གཏོང་དགོས་པ་དང་།  དེ་དག་གི་ཆོས་ལུགས་ཕྱོགས་ཀྱི་ཉམས་ལེན་དེ་ཚོར་རང་རེས་དོ་འཁུར་བྱ་རྒྱུ་གནད་ཆེ།   གང་ཡིན་ཞེ་ན་འཛམ་བུ་གླིང་ཕྱེད་ཀ་ལྷག་ཙམ་བུད་མེད་རེད་ཡོད།  དེའི་རྒྱུ་མཚན་ལ་བརྟེན་ནས་ད་ལན་འདི་ལྟ་བུའི་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཞེས་པ་འདི་ལྟ་བུ་ཞིག་ཚུགས་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། 

 

གོ་སྐབས་བྱུང་བ་དེ་ང་རང་གི་འབྱོན་ཐང་དང་རྣམ་དཔྱོད་ཡིན་བསམ་པ་ཅི་ཡང་མེད།  གཙོ་བོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས།  དེ་བཞིན་སྔོན་གྱི་དགྲ་བཅོམ་མ་སྐྱེ་རྒུའི་བདག་མོ་ལ་སོགས་པ་དེ་དག་གི་ཐུགས་བསྐྱེད་སྨོན་ལམ།  ལྷག་པར་དུ་ད་ལྟ་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་རྣམ་པ་ཚོ་དང་།  མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་ཚོའི་རྒྱབ་སྐྱོར་ཚད་མེད་གནང་བར་བརྟེན་ད་ལན་འདི་འདྲ་ཞིག་ཚུགས་ཐུབ་པ་བྱུང་།   དེ་ལྟར་ཡིན་སྟབས་འདི་ཉིད་ལྷ་དང་མི་ཐམས་ཅད་ཀྱིས་མགྲིན་གཅིག་པའི་སྒོ་ནས་ནས་བསྐལ་པ་བཟང་པོའི་དུས་སྟོན་གསར་པ་ཞིག་བསྐྲུན་པར་ངོས་རང་ཡང་སྐལ་བ་བཟང་པོ་དང་།  འདིར་ཡོང་ཐུབ་པ་དང་ཚོགས་པའི་དབུས་ལ་ཞུགས་ཐུབ་པ་འདི་སྐལ་བ་བཟང་པོ་ཡིན་སྙམ་བཞིན་ཡོད།  མ་འོངས་པ་ལ་དགུན་ཆོས་དེ་ཇི་སྲིད་ཀྱི་བར་དུ་ངོས་ལ་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པའི་མིང་ཙམ་ཞིག་ཡོད་པས་དའི་དུས་ཡུན་ཙམ་མ་ཡིན་པར་འབྱུང་འགྱུར་མི་རབས་ཁྲི་ཕྲག་སྟོང་ཕྲག་གི་བར་གནས་ཐུབ་པ་དང་།  གནས་པ་ཙམ་མ་ཟད་དོན་སྙིང་ཕུན་སུམ་ཚོགས་པ།   སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་ཏུ་བཙུན་མའི་བསྟན་པ་དེ་ལ་ཕན་བདེ་ཕུན་སུམ་ཚོགས་པའི་གཞི་རྩ་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད།

 

 ང་རང་གི་ངོས་ནས་ཀྱང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་ཕ་མར་ཞབས་ཏོག་གམ་སྲི་ཞུ་བསྒྲུབ་རྒྱུ་གལ་ཆེར་གྱུར་ཡོད།  འོན་ཀྱང་ངོས་ཀྱི་ཕ་མ་ནི་ས་ཐག་རིང་པོའི་བར་གྱིས་ཆོད་ཡོད།  ཕ་མ་ཕ་རིར་ཡོད་ངོས་རང་ཚུར་རིར་ཡོད་པ་ཡིན་སྟབས་དམིགས་བསལ་ཕ་མའི་ཞབས་ཏོག་ཅི་ཡང་སྒྲུབ་ཐུབ་ཀྱིན་མི་འདུག  དེས་ན་རྒྱུན་དུ་ངོས་ཀྱི་གཅེན་མོས་ཁྱེད་མ་ལ་དགའ་ཞིང་ཕ་ལ་དགའ་པོ་མེད་པར་བརྗོད་མོད་ཀྱང་དེ་ཉིད་བདེན་པ་མ་ཡིན།  འོན་ཀྱང་མ་ལ་བརྩེ་བ་ཡོད་སྟབས་དེར་ཞབས་ཏོག་སྒྲུབ་ཐུབ་ཀྱི་མེད་རྐྱེན་དེའི་ཚབ་ལྟ་བུར་བཙུན་མ་ཚོར་ཞབས་ཏོག་བསྒྲུབ་རྒྱུ་བྱུང་ན་གཅིག་མཚུངས་སུ་མི་འགྱུར་རམ་སྙམ།  སྤྱིར་འགྲོ་ཀུན་ཕ་མ་ཡིན་པ་དང་།  ལྷག་པར་དུ་ཐམས་ཅད་ལ་མ་དང་སྲིང་མོའི་འདུ་ཤེས་སྐྱེ་དགོས་པ་དེ་འདྲའི་སྐོར་བཤེས་སྤྲིང་ནང་དེ་ལྟར་གསུངས་འདུག་ཅིང་།  དེས་ན་དེ་ལྟའི་འདུ་ཤེས་བསྐྱེད་དེ་ཞབས་ཏོག་བསྒྲུབ་ཐུབ་ན་ལེགས་པོ་མེད་དམ་སྙམ།

 

 སྤྱིར་ངོས་ཀྱི་མི་ཚེ་དེ་རྙོག་དྲ་ཚ་པོ།  ཅ་སིང་པོ།  དཀའ་ངལ་ཆེན་པོ།  མཚམས་རེ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་འཕྲེང་གོང་མ་དེ་ཚོའི་སྐབས་སུ་ལ་ཡང་བྱུང་མ་མྱོང་བའི་རྙོག་དྲ་དེ་ད་ལན་བཅུ་བདུན་པའི་སྐབས་སུ་བྱུང་ནས་ཕྱི་ནང་གཉིས་ཀར་དཀའ་ངལ་ཆེན་པོ་བྱུང་ཡོད་པ་དེར་ངོས་རང་ཡང་སྐབས་རེ་སེམས་ལ་སྡུག་བསྔལ་དང་བློ་ཕམ་པོ་ཡོང་བཞིན་འདུག  འོན་ཀྱང་སོ་སོ་དཀའ་ངལ་དང་བློ་ཕམ་ཡི་ཆད་པ་ཅི་ཡོད་ན་ཡང་ཇི་མི་སྙམ་པར་སོ་སོའི་ངོས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་བདེ་སྐྱིད་ལ་ཕྲན་བུའི་ཞབས་ཏོག་སྒྲུབ་ཐུབ་པ་ཞིག་བྱུང་ན་སྙམ་པའི་བློ་སྟོབས་བཅངས་ནས་ད་བར་ཨུ་ཚུགས་རྒྱབ་པ་ཡིན།   སྤྱིར་ངོས་རང་ལོ་ཆུང་ངུ་ཡིན་པ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་སྟབས་མཚམས་རེ་ནོར་བ་དང་འཁྲུལ་བའི་ཆ་དུ་མ་ཡོང་བཞིན་ཡོད།  དེ་བཞིན་སེམས་ཤུགས་མ་འདང་བའི་གནས་སྟངས་དེ་འདྲ་ཡང་ཡོང་བཞིན་འདུག 

 

དེས་ན་མ་འོངས་པར་མུ་མཐུད་བསྟན་པའི་ཞབས་ཏོག་བསྒྲུབ་ཐུབ་པ་དང་།   ལྷག་པར་དུ་བཙུན་མའི་ཞབས་ཏོག་སྒྲུབ་ཐུབ་པའི་འདུན་པ་ཇི་སྲིད་འཚོ་ཡི་བར་དུ་རེ་བ་འཆང་བཞིན་ཡོད།  ད་རིང་དགུན་ཆོས་དབུ་ཚུགས་པ་འདི་ཐོག་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་སྤྲུལ་པའི་སྐུ་དང་།  དགེ་བའི་བཤེས་གཉེན་རྣམ་པ།  བཙུན་མ་རྣམས་དང་།  ཕྱོགས་མཐའ་ཁག་ནས་ཕེབས་པའི་ཁྱིམ་པ་ཕོ་མོ་ཐམས་ཅད་འདིར་ལྷན་ཅིག་ཏུ་འཛོམས་ནས་སྨོན་ལམ་བཟང་པོ་འདེབས་པའི་གོ་སྐབས་བྱུང་བ་དང་།  དེ་ཡང་གནས་མཆོག་རྡོ་རྗེ་གདན་ཏེ་གནས་རྩ་ཆེན་པོ་འདི་ལྟ་བུ་ཞིག་ལ་དེ་ལྟར་བྱུང་བ་དེ་རང་རེའི་བསོད་ནམས་ཀྱིས་གྲུབ་པ་མ་ཡིན་པར་སྟོན་པ་བདེ་བར་གཤེགས་པ་དང་།  དེའི་སྲས་བྱང་ཆུབ་སེམས་དཔའ་དང་།  དགྲ་བཅོམ་པ་དང་དགྲ་བཅོམ་མ་དེ་དག་གི་སྐལ་བ་བཟང་པོའི་བགོ་སྐལ་སྩོལ་བ་ཞིག་ཏུ་སྣང་བས་ཤིན་ཏུ་བློ་མགུ་བར་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།                       བསྟན་འཛིན་རྣམ་རྒྱལ།