slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow

ཅ༽ བཙུན་མའི་དགུན་ཆོས་ཉིན་ལྔ་པའི་གསུང་ཆོས།

ད་ལྟ་སྐབས་སུ་བབ་པ་བྱམས་པ་དང་། སྙིང་རྗེ་བཤད་པའི་སྐབས་ཡིན། བྱམས་པ་དང་སྙིང་རྗེ་སྐད་ཅིག་ཀྱང་འབྲལ་བར་མི་བྱ་སྟེ། དེ་ཡང་ཐེག་པ་ཆེན་པོ་ཞེས་པ་བྱམས་པ་དང་སྙིང་རྗེ་དང་མི་འབྲལ་བར་ལས་ཅི་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་འགྱུར་བ་ཞིག་དགོས། ཐེག་པ་ཆེ་ཆུང་ཞེས་པའང་རྟ་དྲེལ་གླང་པོ་ལ་སོགས་པས་ཁུར་པོ་ཆེན་པོ་ཐོགས་ཤིང་དེ་དག་ལ་ཐེག་ཆེན་ཞེས་བརྗོད་པ་ལྟར་ནང་སེམས་དང་སྦྱར་ན་འགན་ཁུར་ ཆེ་ཆུང་ལ་སྦྱར་དགོས། ཐེག་པ་ཆུང་ངུ་ཞེས་པ་རང་ཉིད་འབའ་ཞིག་གི་འགན་ལས་འཁུར་མི་ནུས་པ་དང་། ཐེག་པ་ཆེན་པོ་ཞེས་པ་ཁུར་ཆེན་པོ་འཁྱེར་ནུས་པ་ཞིག་ལ་གོ དེས་ན་ཐེག་པ་ཆེན་པོའི་མིང་འཁྱེར་ཏེ་འགན་འཁུར་ཚུལ་བཞིན་མ་ཁྱེར་ན་མིང་བཏགས་པ་ཁོ་ན་ ལས་དོན་ལ་མི་གནས་པའི་རང་བཞིན་དུ་འགྱུར། དཔེར་མཚོན་ན། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཤིག་ཉམས་ལེན་བགྱིད་ཚེ་ཐེག་པ་ཆེན་པོའི་ཉམས་ལེན་ བགྱིས་པ་ཞིག་དང་དེ་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་བྱས་པ་ཞིག་ལ་ཆ་འཇོག་དགོས། འོན་ཀྱང་ཐམས་ཅད་ཀྱིས་ཉམས་ལེན་བགྱིས་པའི་དབང་དུ་བཏང་ཡང་ཐེག་པ་ཆེ་ཆུང་ཅི་ཞིག་ཏུ་འགྱུར་མིན་གང་ཟག་ཉམས་ལེན་བྱེད་པོ་རང་ཉིད་ཀྱི་བསམ་པའི་འཁྱེར་སོར་ལྟོས་པ་ཡིན། དེ་ལ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དེ་ལྷ་མིའི་བདེ་བ་དོན་དུ་གཉེར་ནས་ཉམས་ལེན་བགྱིད་ཚེ་ལྷ་མིའི་གོ་འཕང་དོན་གཉེར་གྱི་འདུན་པ་ཙམ་ལས་ཆོས་རྣམ་དག་ཏུ་མི་འགྱུར།

དེ་བཞིན་རང་ཉིད་འཁོར་བ་ལས་ཐར་འདོད་ཀྱི་བློ་ཞིག་གཉེར་ཀྱང་ཉན་རང་གི་ཆོས་ཙམ་ལས་ཐེག་པ་ཆེན་པོའི་ཆོས་སུ་མི་འགྱུར། དེས་ན་ཉམས་སུ་བླང་བྱའི་ཆོས་དེ་ཐེག་པ་ཆེན་པོའི་ཆོས་ཡིན་པ་ཙམ་གྱིས་རང་ངོས་ནས་དེ་བཞིན་ཉམས་སུ་ལེན་པའི་བློ་འཆར་ཡང་དེར་མི་འགྱུར་ཞིང་། གཙོ་བོ་རང་ཉིད་ནས་མནོ་བསམ་གཏོང་ཚུལ་ལམ་ཀུན་སློང་འཁྱེར་ཚུལ་དང་། སེམས་བསྐྱེད་ལ་རག་ལུས་པ་ཡིན། དེ་ཡང་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པ་པོ་ཞིག་ནས་བློ་ཆོས་སུ་སོང་བ་ཙམ་གྱིས་མི་ཕན་པར་ཆོས་ལམ་དུ་འགྲོ་བར་ཐེག་པ་ཆེན་པོའི་ལྷག་པའི་བསམ་ པའམ་འགན་འཁྱེར་དགོས། སྲིད་མཐའ་དང་ཞི་བའི་མཐའ་གཉིས་སྐོར་འགྲེལ་བཤད་མདོར་བསྡུས་བགྱི་རྒྱུར། དེ་གཉིས་འཇོག་ཚུལ་ལ་མཁས་པའི་བཞེད་ཚུལ་དུ་མ་མཆིས་ཤིང་། ལས་ཉོན་གྱིས་སྦྱར་བའི་སྲིད་པའི་རྒུད་པ་དང། ཞི་བའི་དཔལ་ལ་ཆགས་པའི་རྒུད་པ། སྲིད་པའི་མཐའ་ལ་ལྟུང་བ་དང་། ཞི་བའི་མཐའ་ལ་ལྟུང་བ་གཉིས་ལ་བཞེད་ཚུལ་ཐ་དད་ཡོད། སྲིད་པའི་སྡུག་བསྔལ་ལ་མཐའ་གཅིག་ཏུ་ལྟུང་བར་བཞེད་པ་དང་། ཞི་བའི་བདེ་བ་ལ་མཐའ་གཅིག་ཏུ་ལྟུང་བ། དེ་ལ་ཡང་ལམ་དང་བློ་ལ་བརྟེན་པའི་སྲིད་ཞིའི་མཐའ་ལ་ལྟུང་ཚུལ་དང་། གཞན་དེ་གང་ཟག་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཉན་རང་དགྲ་བཅོམ་སྲིད་པའི་མཐའ་ལ་མི་ལྟུང་ཡང་ཞི་བའི་མཐའ་ལ་ལྟུང་བ་ཡིན། བྱམས་པ་དང་སྙིང་རྗེ་བཤད་པའི་སྐབས་ཐར་རྒྱན་ནང་དོན་རྣམ་པ་དྲུག་གི་ སྒོ་ནས་བྱམས་པ་བསྟན། བྱམས་པ་དེ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་དང་། བདག་གཞན་མཉམ་ བརྗེའི་སྒོ་ནས་སེམས་བསྐྱེད་པ་སོགས་དུ་མ་ཡོད། དེ་ཡང་མར་ཤེས་དྲིན་དྲན་གྱི་སྒོ་ནས་བློ་སྦྱོང་ཚུལ་གྱི་རིམ་པ་རྣམས་ཡིན། བྱམས་པ་ཙམ། བྱམས་པ་ཆེན་པོ། བྱམས་པ་ཚད་མེད་སོགས་ཀྱི་རྣམ་གྲངས་དུ་མ་ཡོད། བྱམས་པ་དང་སྙིང་རྗེའི་སྨོན་ལམ་ཙམ་མ་ཡིན་པར་ཞེ་ཐག་པ་ནས་དེ་ལྟའི་བློ་རྒྱུན་དུ་བཅང་དགོས་པ་ཤིན་ཏུ་གནད་ཆེ། བྱམས་པའི་དམིགས་པ། བྱམས་པའི་མནོ་བསམ་གཏོང་ཚུལ་ལ། བདེ་བ་དང་འཕྲད་པར་གྱུར་ཅིག བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། བདེ་བ་དང་ལྡན་པར་བྱའོ་སྙམ་པའི་བློ་ལྟ་བུ་རྣམ་གྲངས་གསུམ་ཡོད། བྱམས་པ་སྐྱེ་བར་བྱེད་པ་ལ་རྒྱུ་རྐྱེན་གསོག་དགོས། དམིགས་པའི་ཡུལ་སེམས་ཅན་ ཐམས་ཅད། རྣམ་པ་བདེ་བ་དང་འཕྲད་པར་འདོད་པའི་བློ། ཐོག་མར་བདེ་བས་ཕོངས་ལུགས་ཤེས་དགོས། དེ་ཡང་ཟག་བཅས་ཀྱི་བདེ་བ་དང་། ཟག་མེད་ཀྱི་བདེ་ བ་གཉིས་ལས་ཟག་བཅས་ཀྱི་བདེ་བས་ཕོངས་ལུགས་ལ་བསམ་དགོས། ཟག་མེད་ཀྱི་བདེ་བས་ཕོངས་པ་ལྟ་ཅི་སྨྲོས་ཏེ་ཟག་བཅས་ཀྱི་བདེ་བས་ཀྱང་ཕོངས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་འབའ་ཞིག་གིས་མནར་བའི་ཕྱིར་རོ། བྱམས་པ་སྒོམ་པའི་ཐབས་ནི། དེ་ཡང་རང་གི་སྙིང་དུ་སྡུག་པ་ལ་སྒོམ་སླ་ཞིང་དགྲ་བོ་ལྟ་བུ་ལ་སྒོམ་དཀའ་བས་ཐོག་མར་རང་གི་མ་ལ་སྒོམ་དགོས། མཉམ་མེད་ཇོ་ བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མདོ་སྡེ་དང་། རྒྱུད་སྡེའི་ཆོ་ག དེ་བཞིན་སྒྲུབ་ཐབས་ཆུང་ངུ་ཞིག་བྱ་བའི་སྔོན་དུ་ཡང་ཚད་མེད་བཞི་ངེས་པར་སྒོམ་དགོས་པར་གསུངས། དེ་ལྟར་གསུངས་ཀྱང་བྱམས་པ་དང་སྙིང་རྗེ་གཉིས་སྒོམ་ཚེ་དགའ་བ་དང་བཏང་སྙོམས་གཉིས་ཀྱང་དེར་འདུ། བདེ་བ་དང་ལྡན་འདོད་ཀྱི་བློ་དང་། སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་གཉིས་ཀྱིས་སེམས་ཅན་ལ་དེ་ལྟར་བྱུང་བས་དགའ་བ་དང་། སེམས་ཅན་ལ་ཉེ་རིང་མེད་པས་བཏང་སྙོམས། དེ་སྐབས་དགའ་བ་ཡང་ཤུགས་ལ་སྐྱེ་བ་ཡིན་པས་ཚད་མེད་བཞི་ཡོངས་སུ་རྫོགས་པ་ཡིན། མདོར་ན་བྱམས་པ་དང་སྙིང་རྗེ་གཉིས་སུ་འདུ། འདིར་ཚད་མེད་བཞི་ཀར་མ་གསུངས་པར་བྱམས་པ་དང་སྙིང་རྗེ་ཁོ་ན་གསུངས་པའི་རྒྱུ་མཚན་དེ་ལྟར་ཡིན། བྱམས་པ་དྲན་ཚུལ་དེ་ལྟར་ཡིན་སྟབས། དེ་ཡང་ཐོག་མར་མ་དྲིན་ཆེ་ཤོས་ཡིན་པས་དེ་ལ་བྱམས་པའི་དམིགས་རྣམ་སྒོམ་ཚུལ་བསྟན། དེ་ཡང་བརྒྱད་སྟོང་པའི་ནང་བསྟན་པ་བཞིན་ཡིན། སེམས་ཅན་གྱི་ཕྱོགས། གནས་དང་། དབྱེ་བ་ལ་བརྟེན་ནས་སྒོམ་ཚུལ་དུ་མ་ཡོད། མ་ལ་བརྟེན་ནས་བྱམས་པ་སྒོམ་ཚུལ་གྱི་དབྱེ་བ་ལ་བརྟེན་ནས་བྱམས་པ་སྒོམ་ཚུལ་ཡིན། གནས་ཀྱི་དབྱེ་བ་ལ་བརྟེན་ནས་སྒོམ་པ་ནི། རང་གནས་སའི་ཡུལ་གྱི་གཡས་གཡོན་ནས་སྒོམ་པ། ཡང་ན་ངན་སོང་གསུམ་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྒོམ་པ། ཕྱོགས་ཀྱི་དབྱེ་བ་ལ་བརྟེན་ནས་སྒོམ་པ་ནི། ཤར་ཕྱོགས་ནས་འགོ་འཛུགས་ཏེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་སྒོམ་པ་ལྟ་བུཡིན། འགའ་ཞིག་ཉི་མ་ཤར་བའི་ཕྱོགས་ནས་བསམ་བློ་གཏོང་ཚུལ། དེ་བཞིན་ཕྱི་དྲོ་ཉི་མ་ནུབ་པའི་སྐབས་སུ་ནུབ་ཕྱོགས་སུ་གནས་པའི་སེམས་ཅན་སྤྱི་ལ་དམིགས་ཏེ་བསམ་བློ་གཏོང་ཚུལ་མཆིས། བྱམས་པ་སྒོམ་ལུགས་ཀྱི་གོ་རིམ་དང་དབྱེ་བ་དུ་མ་བསྟན་པ་རྣམས་ལ་ཉམས་སུ་བླང་སྟེ། མདོར་ན་སྔོན་བྱོན་གོང་མ་རྣམས་ཀྱིས་རང་རེ་སེམས་ཅན་གྱི་རྒྱུད་ལ་བྱམས་པ་ཞིག་སྐྱེ་ན་དགོངས་ཏེ་ལམ་དུ་མ་བསྟན་པ་བཞིན་རང་ཅག་རྣམས་ཀྱིས་མ་མཐར་ཡང་ཚོད་ལྟ་ཙམ་བྱ་ དགོས་པ་ཡིན། ༼ ཐེག་པ་ཆེན་པོའི་ལུགས་སུ་མྱོང་ངེས་ཀྱི་ལས་ལ་ཡང་བཤགས་པ་བྱ་རྒྱུ་ཡོད། སྡིག་པ་སྟོབས་པོ་ཆེ་བགྱིས་ཚེ་འཆགས་བྱེད་ཀྱི་གཉེན་པོ་སྟོབས་ ཆེ་བ་དང་ཡུན་རིང་དུ་བསྟེན་དགོས་པ་ལས་དེ་མིན་དཀའ། དེ་བཞིན་གཤེགས་པ་མེ་ཏོག་ཟླ་མཛེས་ལ་རྒྱལ་པོ་ཞིག་གིས་་་་་་་་་་་་་་་་་་་་་་་་་་་། བྱང་ཆུབ་སེམས་དཔའི་རྩ་ལྟུང་ཞིག་བྱུང་ན་ལུས་རྟེན་དེ་ཉིད་ལ་འཚང་རྒྱ་ཐབས་མེད།༽