slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow

ཏ༽ བཙུན་མའི་དགུན་ཆོས་ཉིན་དགུ་པའི་གསུང་ཆོས།

སྐྱབས་འགྲོ་ལས་འཕྲོས་ཏེ་ཚིག་འགའ་ཞུ་རྒྱུར། དེ་ཡང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་རཏྣ་ཞེས་པའི་སྐད་དོད་དེ་སྒྲ་ཐད་སྒྱུར་མ་ཡིན་པར་དོན་སྒྱུར་བྱས་པ་ཡིན། རིན་པོ་ཆེ་ཞེས་སྒྱུར་ན་རྡོ་རིགས་གཙོ་ཆེ་བ་རྣམས་ལ་ཡང་འཇུག། དཀོན་མཆོག་ཅེས་པ་དོན་དང་ལྡན་ཞིང་མཚུངས་ཆོས་ཀྱི་ཡོན་ཏན་དྲུག་དང་ལྡན་པའི་སྒོ་ནས་དཀོན་མཆོག་ཅེས་བརྗོད་པ་ཡིན། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཅེས་གསུངས་པ་ལྟར་རྒྱུ་མཚན་དྲུག་གི་སྒོ་ནས་རིན་པོ་ཆེ་དང་ཆོས་མཚུངས་པའི་ ཕྱིར་རིན་པོ་ཆེ་ཞེས་བརྗོད་པ་ཡིན། དེས་ན་འཇིག་རྟེན་བཀོད་པ་པོ་ལའང་དཀོན་མཆོག་ཅེས་ཐ་སྙད་འཇོག། སྤྱིར་གྲུབ་མཐའ་དུ་མར་དཀོན་མཆོག་གཅིག་ལས་མེད། འགའ་ཞིག་ལ་དཀོན་མཆོག་དུ་མ་ཡོད་པའང་ཡོད། འོན་ཀྱང་ནང་པ་ལ་དཀོན་མཆོག་རྣམ་པ་གསུམ་དུ་འཇོག་པ་ཡིན། དེ་ལྟར་ཡང་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། ཐེག་པ་གསུམ་དང་བྱེད་གསུམ་གྱི། མོས་པ་རྣམས་ཀྱི་དབང་བྱས་པས། སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་གསུངས།

རིགས་ཅན་གསུམ་ཞེས་པ་ནི། ཐེག་པ་ཆེན་པོའི་རིགས་ཅན་དང་། རང་རྒྱལ་གྱི་རིགས་ཅན་དང་། ཉན་ཐོས་ཀྱི་རིགས་ཅན་ནོ། ཐེག་པ་ཆེན་པོ་རྣམས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བྱ་གཙོ་བོར་འཛིན་སྟབས་ཐེག་པ་ཆེན་པོའི་རིགས་ཅན་ལ་དགོངས་ཏེ་སངས་རྒྱས་དཀོན་མཆོག་ གཙོ་བོར་གསུངས། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་སྟོན་པས་བསྟན་པའི་ཆོས་མྱ་ངན་ལས་འདས་པ་འཐོབ་བྱའི་གཙོ་བོར་འཛིན་པས་དེ་ལ་དགོངས་ནས་ ཆོས་དཀོན་མཆོག་གཙོ་བོར་གསུངས། ཉན་ཐོས་ཀྱི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་རྣམས་ཀྱི་གདམས་ངག་ལ་བརྟེན་ནས་རྒྱུན་ཞུགས་དང་། ཕྱིར་འོང་དང་། པྱིར་མི་འོང་། དགྲ་བཅོམ་པའི་གོ་འཕང་འཐོབ་བཞིན་ཡོད་པས་དེ་ལ་བརྟེན་ནས་དགེ་འདུན་དཀོན་མཆོག་གཙོ་བོར་བསྟན་པ་ཡིན། རིགས་ཅན་གསུམ་གྱི་རྣམ་གཞག་ལ་དགོངས་ནས་དཀོན་མཆོག་གསུམ་དབྱེ་ཚུལ་དེ་ལྟར་ཡིན། དེ་ཡང་འོ་སྐོལ་རྣམས་ལས་ཉོན་གྱི་ནད་ཚབས་ཆེན་གྱིས་ ཟིན་སྟབས་སྨན་པ་ལྟ་བུའི་སངས་རྒྱས་དཀོན་མཆོག་དང་། སྨན་ལྟ་བུའི་དམ་པའི་ཆོས་དང་། སྨན་ཞབས་ལྟ་བུའི་འཕགས་པའི་དགེ་འདུན་རྣམ་པ་གསུམ་ལ་ བརྟེན་ཏེ་ནད་ལས་སྒྲོལ་དགོས་པ་ལྟར། སྟོན་པ་བསྟན་པ་སློབ་དོན་གྱིས་ཞེས་སོགས་ཚིགས་བཅད་གཅིག་གིས་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཀྱང་ བསྟན། རྒྱུ་ཡི་སྐྱབས་འགྲོ་གཞན་རྒྱུད་ལ་གྲུབ་ཟིན་པའི་སྐྱབས། འཇིགས་པ་གང་རུང་ལས་སྐྱོབ་པའི་ཕྱིར་སྐྱབས་དང་དཔུང་གཉེན་ཞུའོ་སྙམ་པའི་བློ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་རྒྱུད་ལ་མཆོག་གསུམ་གྲུབ་ཟིན་པའི་སངས་རྒྱས་ལྟ་བུར་གྱུར་ཡོད། རྒྱུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ སྐྱབས་གནས་ཞུ་རྒྱུ་དེ་བཞིན་རྒྱུ་ཡི་སྐྱབས་སུ་གྱུར་ཡོད། འབྲས་སྐྱབས་ནི། རང་གི་ཐོབ་བྱར་འགྱུར་བའི་དཀོན་མཆོག་དེ་འཇིགས་པ་གང་རུང་ལས་སྐྱོབ་པའི་དཔུང་གཉེན་དུ་དམ་བཅའ་བ་དེ་འབྲས་སྐྱབས་ཡིན། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་གཉེར་བྱ་བའམ་དེ་ཉིད་མངོན་དུ་འགྱུར་བའི་ཐབས་ལ་བརྩོན་པ་དེ་ཡིན། ཐེག་པ་ཆེན་པོ་མན་ཆད་རྣམས་ཀྱིས་སངས་རྒྱས་མངོན་དུ་འགྱུར་ཐབས་ཀྱི་དོན་གཉེར་མི་བྱེད་པར་དམ་པའི་ཆོས་ལ་དོན་གཉེར་བྱེད་པ་ཡིན། ལས་དང་པོ་ལ་ཡིད་ཆེས་ཀྱི་དད་པ་དགོས། དེ་བཞིན་ལས་དང་པོ་པར་རྒྱུ་སྐྱབས་གནད་ཆེ་བ་ཡིན་ཅིང་། རིམ་པས་མངོན་འདོད་ཀྱི་དད་པའང་དོན་གཉེར་བྱ་དགོས། དེ་ཉིད་ཐོབ་ཕྱིར་བརྩོན་པ་ཞིག་ལ་འབྲས་བུའི་སྐྱབས་སུ་བརྗོད་པ་ཡིན། སྐྱབས་སུ་འགྲོ་བའི་ཕན་ཡོན་སྐོར། ནང་པར་ཚུད་པ་ཞེས་པ་སྐྱབས་གནས་གསུམ་པོ་དེར་དམ་པར་བྱེད་མིན་ལ་རག་ལུས། སངས་རྒྱས་ཀྱི་གདུལ་བྱ་འདུལ་བའི་ཕྱིར་དུ་རྣམ་པ་འདྲ་མིན་དུ་སྟོན་པ་སྐབས་རེ་ཡིད་སྲུབས་དང་། བརྒྱ་བྱིན་དང་། ཕྱི་རོལ་པའི་སྟོན་པ་སོགས་ཀྱི་རྣམ་པར་སྟོན་པའི་སྐབས་ཕྱི་རོལ་པ་རྣམས་ཀྱིས་སྐྱབས་སུ་འགྲོ་བས་དེ་ཉིད་སྐྱབས་འགྲོར་གྱུར་མི་འགྱུར། སྤྱིར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཡང་དེ་སྐབས་རང་ཉིད་ཀྱི་རྣམ་པའི་ལྷར་གྱུར་པ་ཡིན། སྐྱབས་འགྲོ་དང་སྐྱབས་འགྲོའི་སྡོམ་པ་གཉིས་ལ་དབྱེ་བ་འབྱེད་དགོས། སྐྱབས་འགྲོའི་སྡོམ་པ་སྐྱབས་འགྲོའི་དམ་བཅའ་རྣམས་ཇི་སྲིད་འཚོ་ཡི་བར་སྲུང་དགོས། སྐྱབས་འགྲོ་ཙམ་ལ་དམིགས་བསལ་བསླབ་བྱ་མེད། སྐྱབས་འགྲོའི་སྡོམ་པ་ཐོབ་པར་མནོ་བསམ་གཏོང་ཤེས་པ་ཞིག་དགོས། འོན་ཀྱང་མི་མ་ཡིན་གྱི་འཚེ་བ་ལས་ལས་སྐྱོབ་པ་སོགས་ཕན་ཡོན་ཆེ་བ་ཡིན་པར་(བྱེ་བྲག་བཤད་མཛོད་ཆེན་པོ་ལས་གསུངས།) སྐྱབས་འགྲོའི་སྡོམ་པ་སྐྱེ་བའི་རྟེན་དང་། གནས་པའི་རྟེན་གཉིས་ཀར་དགོས་ཚུལ་དུ་བཞེད་པ་ཞིག་དང། སྐྱེ་བའི་རྟེན་ལས་གནས་པའི་རྟེན་དུ་མི་བཞེད་པ་ཡོད་པས་ འདི་སྐབས་ཕྱི་མ་གནད་དུ་བཟུང་། དགེ་སློང་མའི་སྡོམ་པའི་ལྟུང་བྱེད་ནང་དཀོན་མཆོག་སྤོང་བའི་ལྟུང་བྱེད་ཅེས་པ་ཞིག་མཆིས་སྟབས་གནས་པའི་རྟེན་དུ་ངེས་པར་ཡོད་པའི་ཁྱབ་པ་མེད། མཛོད་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། སྐྱབས་སུ་མ་སོང་བ་ལ་མེད། བསྙེན་གནས་སྡོམ་པ་དེ་ཉིན་ཞག་ཅིག་གི་སྡོམ་པ་ཡིན་པས་ཐེག་ཆེན་གསོ་སྦྱོང་ཡང་འགྱུར་ཆེ་ཞིང་ཉིན་ཞག་གི་སྡོམ་པ་ཡིན་སྟབས་འགའ་ཞིག་གིས་སྡོམ་པ་དེ་ ཉིད་ནོོད་པར་བྱེད། ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་དེ་ཉིད་སྡོམ་པ་དེ་ཙམ་སྲུང་མི་ནུས་པའི་ཁྱིམ་པ་རྣམས་ལས་རབ་བྱུང་གི་སླད་དུ་མིན། དོན་ཞགས་ཀྱི་རྒྱུད་དམ་ཆོ་གར་རབ་བྱུང་དགེ་སློང་ཕོ་མོ་རྣམས་ཀྱིས་ཀྱང་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་དགོས་པར་གསུངས། སྤྱིར་རབ་ཏུ་བྱུང་བ་རྣམས་ཀྱིས་གསོ་སྦྱོང་གི་སྡོམ་པ་ལེན་ན་འགྲིག་མིན་གྱི་རྩོད་པ་ཡོད། དེ་ཉིད་ཀྱིས་ཇི་སྲིད་འཚོ་བའི་སྡོམ་རྟེན་དེ་ཉིད་སྒྲིབ་པའི་རྐྱེན་དུ་འགྱུར་མིན་གླེང་གཞི་ཡོད། དེ་ཡང་གཙོ་བོ་བསམ་པའི་ཁྱད་པར་ཡིན། དེ་རིང་ནས་སང་ཉི་མ་མ་ཤར་གྱི་བར་དུ་སྲུང་བ་ལས་དེ་ཕན་ཆད་མིན་སྙམ་ན་ཉེན་ཆེ། རྒྱུན་དུ་སྡོམ་པ་ཡོད་མོད་ཀྱང་བག་ཡོད་དྲན་ཤེས་དེ་ཙམ་མི་བསྟེན་པས། ཉིན་ཞག་ཅིག་གི་སྡོམ་རྟེན་ཡིན་ཡང་ཚུལ་བཞིན་སྲུང་བར་བྱའོ་སྙམ་པའི་བློ་འཆང་ཚེ་མི་སྟོ། སྔོན་གྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་བསྙུང་གནས་ཀྱི་སྡོམ་པར་ཁྱིམ་པ་རྣམས་གནས་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་སྟབས་བསྙེན་བཀུར་གྱི་ ཡུལ་དུ་བཟུང་ཞིང་། དེ་ཉེད་དེའི་སྐབས་སུ་རྒྱུན་གྱི་དགེ་སློང་ལས་ཀྱང་ཁྱད་པར་འཕགས་པར་བཟུང་བ་ཡིན། སྐྱབས་འགྲོའི་སྡོམ་པར་ལྟུང་བྱེད་གཙོ་བོ་སངས་རྒྱས་དཀོན་མཆོག་སྤང་ཚེ་སྐྱབས་འགྲོའི་སྡོམ་པ་གཏོང་བ་ཡིན། གཏོང་བྱེད་ཀྱི་རྒྱུ་དང་། ཉམས་བྱེད་ཀྱི་རྒྱུ། ཐར་རྒྱན་ནང་གཏོང་བྱེད་ཀྱི་རྒྱུ་ལྷ་གཞན་ལ་སྐྱབས་སུ་འགྲོ་བ་དང་། ཉམས་བྱེད་ཀྱི་རྒྱུ་སེམས་ཅན་གཞན་ལ་འཚེ་བ་བྱས་ན་ཉམས་བྱེད་ཀྱི་རྒྱུར་འགྱུར། སྐྱབས་འགྲོའི་བསླབ་བྱ་ལའང་། བསྟན་བཅོས་ལས་གསུངས་པའི་བསླབ་བྱ་དང་། མན་ངག་ལས་བྱུང་བའི་བསླབ་བྱ་སྟེ་གཉིས་ཡོད། དེ་ཡང་བསྟན་བཅོས་ལས་བྱུང་བ་ནི་ས་སྡེ་ལྔ་ལས་བྱུང་བ་རྣམས་དང་། མན་ངག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་པའི་དགག་སྒྲུབ་དང་། ཆ་མཐུན་གྱི་བསླབ་བྱ་རྣམས་ཡིན། ཆོས་ཚུལ་བཞིན་ཉམས་སུ་ལེན་པར་བྱ་བ་ལ། སངས་རྒྱས་སྨན་པ་ལྟ་བུར་ངོས་འཛིན་ནས་དེ་ཉིད་ཀྱིས་ནད་ཀྱི་ གཉེན་པོ་སོ་སོར་སྨན་ཇི་ལྟར་གཏོང་ཚུལ་བཀའ་བསྒོ་བ་ལྟར་ཚུལ་བཞིན་གཏོང་དགོས་པ་ལས་སྨན་ཡོད་དོ་ཅོག་གིས་མི་སྨན་པ་ལྟར་སངས་རྒྱས་སྨན་པ་ལྟ་བུས་ ལས་ཉོན་གྱི་ནད་ཀུན་གྱི་གཉེན་པོར་གསུངས་པའི་སྨན་རྣམས་ཉོན་མོངས་པས་མནར་བའི་ནད་པ་རང་ཉིད་ཀྱིས་ཚུལ་བཞིན་གཏོང་དགོས། དེ་བཞིན་དཀོན་མཆོག་དང་བློ་ཐག་ཉེ་བར་ཆས་པ་དང་། མོས་པ་དང་དག་པའི་སྣང་བ། བྱམས་པ་དང་སྙིང་རྗེ། ཤེས་རབ་དང་སྙིང་རྗེ་རྣམས་བླ་ནས་བླར་འཕེལ་བའི་ཐབས་སུ་འགྱུར་དགོས།