slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow

ག༽ བཙུན་མའི་དགུན་ཆོས་ཉིན་གསུམ་པའི་གསུང་ཆོས།

སྲོག་གཅོད་ལྟ་བུར་མཚོན་ན། གཞི་ཕ་རོལ་པོ་སྲོག་གཅད་བྱའི་སེམས་ཅན་དེ་ཉིད་དང་། བསམ་པ་འདུ་ཤེས་དང་། ཉོན་མོངས་དང་། ཀུན་སློང་རྣམ་པ་གསུམ་དུ་གྱུར། འདུ་ཤེས་ལ་འཁྲུལ་མ་འཁྲུལ་གཉིས་སུ་མཆིས་པ་ལས་གཉིས་ཀ་འོང་ཆོག བཀྲ་ཤིས་གསོད་སྙམ་པ་ལ་བློ་བཟང་བཀུམས་ཚེ་འདུ་ཤེས་ཕྱིན་ཅི་ལོག་པས་བསམ་པ་མ་རྫོགས། སེམས་ཅན་གསོད་ཀྱི་ཡིན་སྙམ་ན་ཀུན་སློང་སྤྱི་ཞུགས་ཡིན་པས་འདུ་ཤེས་མ་འཁྲུལ་བས་བསད་པའི་སྡིག་པ་ དངོས་གཞི་འབྱུང་བ་ཡིན། འདིར་འདུ་ཤེས་འཁྲུལ་མ་འཁྲུལ་མི་གཏོགས། ཉོན་མོངས་དུག་གསུམ་ཀུན་ནས་བསླངས་པ་ཞིག་ཡོང་ཆོག དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་བསླངས་པ་གསུམ་ག་མཆིས། ཀུན་སློང་གསོད་པར་འདོད་པའམ་གསོད་སེམས་ཡིན། སྦྱོར་བ་ལ་གཉིས་ཏེ། རང་གིས་བགྱིས་པ་དང་། གཞན་བགྱིད་དུ་སྩལ་བ། དེ་ཡང་དུག་དང་། མཚོན་དང། རིགས་སྔགས་ཀྱི་སྒོ་ནས་བསྒྲལ་བ་སྟེ་དེ་རྣམས་བཟང་ངན་གྱི་དབྱེ་བ་མེད་པར་དོན་དུ་གཅིག་གྱུར་ཡིན།

ཡིད་ཙམ་མ་ཡིན་པར་ལུས་ངག་གི་རྣམ་འགྱུར་གྱི་སྒོ་ནས་རྗེས་སུ་ཡི་རང་བགྱིད་ནའང་ཕམ་པ་འབྱུང་བར་སློབ་དཔོན་ཤཱཀྱ་འོད་ཀྱིས་གསུངས། དེ་བཞིན་འདུལ་བ་འོད་ལྡན་གྱི་གཞུང་ནང་བལྟ་རྒྱུ་ཡོད། མཐར་ཐུག་སྦྱོར་བ་བརྩམས་པ་དེས་ཕ་རོལ་པོ་དེ་ཉིད་རང་གི་སྔོན་དུ་འཆི་ན་མཐར་ཐུག་དངོས་གཞི་ཐོབ་པ་ཡིན། རང་ཉིད་ཕ་རོལ་པོའི་སྔོན་དུ་འཆི་ཚེ་ མཐར་ཐུག་དངོས་གཞི་མ་རྫོགས། རྩ་བ་བཞི་ལས་ཕམ་པ་ལ་དེ་ལྟར་ཡིན་ཡང་སྤྱིར་མི་དགེ་བའི་སྐབས་དེ་ལྟར་ཡིན་མིན་ཆ་མ་འཚལ། མདོ་དྲན་པ་ཉེར་གཞག་ལས། ལམ་དུ་བསྐྱོད་སྐབས་རྐང་འོག་ཏུ་སྲོག་ཆགས་ཤི་བ་དང། ཀུན་སློང་དགེ་བས་སྨན་ལོག་སྦྱིན་སེམས་མེད་ཀྱང་སྨན་ལོག་འཁེལ་བ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨོ་ལ་མཛེ་ནད་ཀྱི་སྙུན་གྱིས་མནར་བ་ལྟ་བུ་ཚེ་རབས་སྔ་མའི་རྣམ་སྨིན་ཉམས་སུ་མྱོང་བ། ངག་གི་མི་དགེ་བ་བཞི་ལ་ཡང་གོང་མཚུངས། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཀ་མཆིས་ཏེ། གཞི་མཐོང་བ་དང་ཐོས་པའི་བྱེ་བྲག་རྣམ་པར་ཕྱེ་ནུས་པ་ཞིག་དགོས། བསམ་པ་འདུ་ཤེས་། ཉོན་མོངས། ཀུན་སློང་གསུམ། འདུ་ཤེས་སྒྱུར་ཏེ་རྫུན་བཤད་འདོད་ཀྱི་བསམ་པ། སྦྱོར་བ་མི་སྨྲ་བའི་སྒོ་ནས་དྭང་དུ་ལེན་པ་སྟེ། ཁ་བརྡ། ལག་བརྡ། མིག་བརྡ་ལ་སོགས་པ་ངག་ནས་མ་བརྗོད་ཀྱང་ཉེས་པར་འགྱུར་བ་ཡིན། མཐར་ཐུག་ཕ་རོལ་པོས་རྫུན་དུ་ཤེས་པ་དང་དོན་གོ་བ། མཐར་ཐུག་གི་ཡན་ལག་མ་ཚང་ན་རྫུན་དེ་ཉིད་ཀྱིས་སྡིག་པར་འགྱུར་ཡང་ལྟུང་བྱེད་མི་འབྱུང། ལུས་ངག་གི་ལས་བདུན་པོར་ཚིག་རྩུབ་གནང་བ་མཆིས་ན། བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་ཀྱི་གནང་བ་ཡོད་དམ། གལ་ཏེ་མེད་ཚེ་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ངག་གི་མི་དགེ་བའི་ལས་བདུན་པོ་གནང་བ་ཡོད་ཅེས་སློབ་དཔོན་ཐོགས་མེད་ཀྱིས་གསུངས། ཡིད་ཀྱི་མི་དགེ་བ་གསུམ་ལ། བརྣབ་སེམས་ཞེས་པ་གང་སྤེལ་དང་། རྒྱལ་སྲས་མའི་འགྲེལ་པར་གཞན་ནོར་བདག་གིར་འདོད་པ་ལས་དེ་མིན་འདོད་པའི་འདོད་ ཆགས་ཐམས་ཅད་ལ་བརྣབ་སེམས་འདྲེས་ཡོད། རང་གི་ལུས་དང་ནོར་ལ་ཆགས་པ་དེ་འདྲའང་འབྱུང་སྲིད། གཞན་གྱི་ནོར་ལ་ཆགས་པ་གཙོ་བོའི་དབང་གིས་གསུངས། ཡིད་ཀྱི་མི་དགེ་བ་སྤྱིར་གནང་བ་མེད་ཀྱང་བྱེ་བྲག་རེ་རེ་ཙམ་གནང་བ་ཡོད། ཐེག་པ་གསུམ་པོ་མཐའ་དག་ཉོན་མོངས་འདུལ་བའི་གཉེན་པོར་མ་གསུངས་པ་གཅིག་ཀྱང་དབེན། གནད་དེ་ལྟར་མཁྱེན་ནས་བོད་དུ་སྡོམ་གསུམ་གྱི་རྣམ་གཞག་སོ་སོར་ཡོད། དཔེར་ན། འཇམ་མགོན་ས་པཎ་གྱིས་མཛད་པའི་སྡོམ་གསུམ། དགེ་ལྡན་ནང་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྡོམ་གསུམ། སྔ་འགྱུར་རྙིང་མའི་ནང་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་པ་དང་། འབྲུག་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྡོམ་གསུམ་རྣམ་གཞག སྟག་ལུང་གི་ཕྱོགས་སུ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་སྡོམ་གསུམ། དེ་བཞིན་ཀཾ་ཚང་གི་ཕྱོགས་སུ་སྡོམ་གསུམ་གྱི་རྣམ་གཞག་རྒྱས་བསྡུས་སྣ་ཚོགས་ཤིག་མཆིས་པ་ལས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ མཛད་པའི་སྡོམ་གསུམ་གྱི་རྣམ་གཞག་དེ་ཉིད་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་བསྐུལ་བ་ཞིག་ཡིན། དེ་ལྟར་བཞེད་པ་སྣ་ཚོགས་ཡོང་དགོས་པ་ནི་ཤིན་ཏུ་གནད་ཆེ་བས་ཡིན། དེ་བཞིན་འབྲི་གུང་ལ་མཚོན་ན། འབྲི་གུང་གི་དགོངས་གཅིག་ནང་མཛད་ཡོད། འབྲི་གུང་དགོངས་གཅིག་ལ་རྗེ་མི་བསྐྱོད་རྡོ་རྗེས་བསྔགས་བརྗོད་ཚད་མེད་མཛད་ཡོད། སྡོམ་གསུམ་མཐའ་དག་ཉོན་མོངས་ཀྱི་གཉེན་པོར་གྱུར་པ་གཅིག་གྱུར་ཡིན། དེ་ཡང་སོ་སོ་ཐར་པའི་སྡོམ་པ་འདོད་ཆགས་ཀྱི་གཉེན་པོ། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེ་སྡང་གི་གཉེན་པོ་དང་། གསང་སྔགས་ཀྱི་སྡོམ་པ་གཏི་མུག་གི་གཉེན་པོར་གྱུར་པ་ཡིན། གཏི་མུག་མ་རིག་པ་ཡིན་སྟབས་དེ་ཉིད་ཀྱི་གཉེན་པོར་རིག་པ་ཡེ་ཤེས་བསྟེན་དགོས། དེས་ན་གཏི་མུག་གི་གཉེན་པོར་ཡེ་ཤེས་བསྟན་པ་ཡིན། བུད་མེད་རབ་ཏུ་བྱུང་ཚེ་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་བརྒྱ་འགྲིབ་པར་འགྱུར་ཞེས་བཤད་སྲོལ་ཡོད། འོན་ཀྱང་སངས་རྒྱས་ཀྱི་གསུང་རབ་ནང་དེ་ལྟར་མ་གསུངས་ཤིང། དེའི་ཁ་གནོན་དུ་ལྕི་བའི་ཆོས་བརྒྱད་ཅེས་གསུངས་པ་ཡིན། འཁོར་རྣམ་པ་བཞི་པོ་དེ་སངས་རྒྱས་ཀྱི་བསྟན་པའི་ཁང་ཆེན་འདེགས་པའི་ཀ་བ་བཞི་དང་མཚུངས་ཤིང་། དེའི་རྒྱུ་མཚན་ལ་བརྟེན་ནས་ཐབས་བྱས་པ་ལས་ ངོ་སྲུང་གི་ཕྱིར་མིན།

ཁ༽ བཙུན་མའི་དགུན་ཆོས་ཉིན་གཉིས་པའི་གསུང་ཆོས། གུང་ཡོལ་རྗེས།

གཙོ་བོ་སེམས། ཀུན་འབྱུང་། ཀུན་འགྲོ་ལྔ། གནས་བརྟན་སྡེ་པས་ཀུན་འགྲོབདུན་ཙམ་བཞེད། རྣམ་ཤེས་རྒྱུན་དུ་མཆིས་པ་དང་། ཀུན་འབྱུང་སྐྱེ་འགག་ལྟ་བུ་རྐྱེན་དང་འཕྲད་པའི་མཐུ་ལ་བརྟེན་ནས་བྱུང་། ལུས་ངག་གི་མི་དགེ་བ་རྟོགས་སླ་ཞིང་། ཡིད་ཀྱི་མི་དགེ་བ་འཇོག་རྒྱུ་ཅུང་དཀའ། དཔེར་ན། བརྣབ་སེམས་ལྟ་བུར་མཚོན་ན། བརྣབ་སེམས་མི་དགེ་བ་ཡིན་ཏེ་མི་དགེ་བའི་ལས་མ་ཡིན། བརྣབ་སེམས་བག་ལ་ཉལ་བའི་སྐབས་སླར་ཡུལ་ལ་སེམས་ཚེ། བརྣབ་སེམས་མངོན་འགྱུར་དུ་བྱེད་པའི་རྐྱེན་ཐོབ་འདོད་ཀྱི་བློ་མཐར་ཐུག་བསམ་སྦྱོར་གཉིས་ལས་ བརྣབ་སེམས་ཉིད་ཉོན་མོངས་ཀྱི་ཆར་གཏོགས། ཉོན་མོངས་ལ་བག་ཉལ་དང་། མངོན་འགྱུར་གཉིས། ཡིད་ཀྱི་མི་དགེ་བ་གསུམ་ཉོན་མོངས་ཡིན་ལ་ལས་མ་ཡིན། བརྣབ་སེམས་འདོད་ཆགས་ཀྱི་ཆར་གཏོགས། གནོད་སེམས་ཞེ་སྡང་གི་ཆར་གཏོགས། ལོག་ལྟ་གཏི་མུག་གི་ཆར་གཏོགས་པ་ཡིན། ཚིག་རྩུབ་ཀྱི་དབང་གིས་འབྲས་བུ་སྡིག་ཤས་ཆེ་བའི་སར་སྐྱེ་བར་འགྱུར་ཞེས་པས། མི་དགེ་བ་སྡིག་པའི་དོན་མ་ཡིན་པར་སྲོག་ཆགས་སྡིག་པ་ཤས་ཆེ་བའི་སར་སྐྱེ་བའི་དོན་དུ་གོ རྣམ་སྨིན་བདེ་སྡུག་དང་ཚོར་བ་བདེ་སྡུག་ལ་ཐ་དད་ཡོད། ཤ་ཟོས་པ་་རོ་ཞིམ་ཡང་རྣམ་སྨིན་བདེ་བར་འགྱུར་དཀའ། ཕྱག་འཚལ་བས་པུས་མོ་ན་བ་ སོགས་ཚོར་བ་སྡུག་བསྔལ་འབྱུང་ཡང་རྣམ་སྨིན་བདེ་བ་ཡིན། དེ་ཕྱིར་ལས་འབྲས་སམ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བསླབ་པར་བྱ་བ་ཤིན་ཏུ་གཅེས། འཇིག་རྟེན་པ་རྣམས་ཡང་དག་པའི་ལྟ་བ་སྤོང་དཀའ། རབ་ཏུ་བྱུང་བ་རྣམས་ལོག་འཚོ་སྤོང་དཀའ། བརྟན་མཁས་ཀྱི་ཡོན་ཏན་ལྡན་པ་རྣམས་ཀྱང་ལོག་འཚོ་སྤོང་དཀའ། བཀའ་གདམས་པའི་སྐུ་མཆེད་གསུམ་ལས་ཕུ་ཆུང་བའི་བཞེད་པར་འཇིག་རྟེན་པའི་ཡང་ དག་པའི་ལྟ་བ་དེ་ལས་འབྲས་ལ་ཡིད་ཆེས་རྙེད་པ་ནས་བརྩི་དགོས། ལས་འབྲས་ལ་བདག་པོའི་འབྲས་བུ། དབང་གི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ་སོགས་ ཐར་རྒྱན་ལས་རྣམ་གྲངས་དུ་མར་གསུངས། དཔེར་ན། སྨན་སོགས་ཀྱི་ནུས་མཐུ་ཆུང་བ་ནི་སྲོག་གཅོད་ཀྱི་བདག་འབྲས་ཡིན་པར་གསུངས། བདག་ཅག་གི་སྟོན་པ་འཇིག་རྟེན་ནང་འཚོ་ཞིང་གཞེས་པའི་སྐབས་ནས་སྟོང་ཉིད་སོགས་ཀྱི་རྣམ་གཞག་སྐོར་བཀའ་འདྲི་ཞུས་ཚེ་མཆོག་ཟུང་རྣམ་གཉིས་ནསཐག་གཅོད་མཛད་པ་ཡིན། འོན་ཏང་ལས་འབྲས་ཀྱི་རྣམ་གཞག་སྐོར་གསོལ་་ཚེ་སངས་རྒྱས་ཉིད་ནས་ཐུགས་ཐག་མཛད་པ་ལས་མཆོག་ཟུང་ལྟ་བུས་ཀྱང་མི་མཛད། དེས་ན་རྟག་ཏུ་དགེ་བ་ལ་འགྲུས་པ་ཞིག་ཡིན་མོད་ཀྱང་འཆི་ཁར་མཚམས་སྦྱོར་བཟང་པོ་དགོས་པ་ཤིན་ཏུ་གཅེས། ཆོས་རྒྱལ་མྱ་ངན་མེད་ལྟ་བུ་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་སྐྱེས་བུ་ཞིག་ཡིན་ཡང་མྱ་ངན་ལས་འདའ་ཁར་བྲན་མོས་རླུང་ཡབ་ཀྱི་ཡུ་བ་ལག་ནས་ཤོར་བར་ སྙད་དེ་ཁོང་ཁྲོ་མི་བཟད་པ་སྐྱེས་སྟབས་དེ་ཉིད་ཀྱི་རྣམ་པར་སྨིན་པས་ཀླུ་ལ་སྐྱེ་བའི་ལོ་རྒྱུས་ཡོད། དེ་བཞིན་བོད་ཀྱི་སྨན་གཞུང་ནང་ཟས་ཀྱི་སྤྱོད་ལམ་བསྟེན་སྐབས་ སྨན་གྱི་འདུ་ཤེས་བསྐྱེད་པའི་སྒོ་ནས་བསྟེན་དགོས་པ་ལས་ཚོད་མེད་དུ་སྤྱོད་པས་འཕྲལ་དུ་ལྟོ་བ་ལ་གནོད་པ་ཙམ་མ་ཟད་ཕྱི་མར་འཇུར་བགེགས་སུ་སྐྱེ་བའི་རྐྱེན་བྱེད།

འཕགས་མ་བདེ་བྱེད་མ་ ༢

༄༅། ། དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱི་རང་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ།  ༸རྒྱལ་མཆོག་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་མཉམ་མེད་དྭགས་པོ་ལྷ་རྗེས་མཛད་པའི་ལམ་རིམ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གཞུང་དམ་ཆོས་ཐར་པ་རིན་པོ་ཆེའི་རྒྱན་གྱི་དཀའ་གནད་གསལ་བའི་བཀའ་ཁྲིད་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་གཉིས་པར་སྩལ་སྐབས་ཀྱི་རེག་ཟིག་ཆེ་ལོང་དུ་བཀོད་པ་བཞུགས་སོ།

 

ཀ༽འཕགས་མ་བདེ་བྱེད་མའི་དགུན་ཆོས་ཉིན་དང་པོའི་གསུང་ཆོས།

 

འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་གཉིས་པའི་སྐབས་འདིར་ཚོགས་ཕེབས་གནང་བའི་༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་།  མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ། འདིར་འཛོམས་པ་ཐམས་ཅད་ལ་བཙུན་མའི་དགུན་ཆོས་ཐོག་མར་བཙུགས་སྐབས་བཀའ་བརྒྱུད་བཙུན་མའི་དགོན་སྡེ་ཁག་ནང་བཤད་པའི་སྡེ་འཕེལ་བའི་དམིགས་ཡུལ་དང་། དགོན་པ་སོ་སོའི་ཁོངས་ཙམ་མ་ཡིན་པ་ཐམས་ཅད་ཀྱིས་འཕྱར་གྲུ་མཉམ་འདེགས་བགྱིས་ཚེ་བླ་ནས་བླར་འཕེལ་བ་ཡིན། དེ་དང་ལྷན་དུ་དྭགས་པོའི་ཐར་རྒྱན་བཤད་པ་བགྱིད་རྒྱུ་དང་། ན་ནིང་ཐེངས་དང་པོ་ཡིན་སྟབས་དགུན་ཆོས་གཞན་ལྟར་མཛད་ཐུབ་རྒྱུ་དཀའ་བར་བརྟེན་དྭགས་པོའི་ཐར་རྒྱན་དབུ་འཛུགས་དང་དེ་ཉིད་ཀྱི་ཁྲིད་མུ་མཐུད་མ་བགྱིས་ཀ་མེད་ཡིན། དེ་ཡང་དྭགས་པོ་ཐར་རྒྱན་འདི་ཉིད་མཉམ་མེད་ཆོས་རྒྱལ་དྭགས་པོ་ལྷ་རྗེས་མཛད་པའི་བསྟན་པའི་གཞུང་ཆེ་ཤོས་ཤིག་ཡིན།  བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གཞུང་གནད་ཆེ་ཞིག་ཏུ་གྱུར་སྟབས་གཞུང་དེ་ཉིད་ལ་འཆད་ཉན་བྱ་དགོས་ངེས་ཡིན་པ་ངོས་རང་གི་ངོས་ནས་དེ་ལྟར་མཐོང་བཞིན་ཡོད། དེ་ལྟར་ཡིན་སྟབས་དྭགས་པོའི་ཐར་རྒྱན་དེ་ཉིད་མུ་མཐུད་ཁྲིད་ཞུ་རྒྱུ་ཡིན།

དེ་བཞིན་སྒྲིག་གྲྭ་ལ་སོགས་པ་དེ་དག་ཀྱང་དམིགས་བསལ་ལས་རིགས་གཞན་མེད་ན་གསུང་ཆོས་སུ་མུ་མཐུད་ཡོང་ཐུབ་ན་ལེགས། བཤད་སྒྲུབ་གཉིས་ཕན་ཚུན་ཟུར་ཟ་ལྟ་བུ་མ་ཡིན་པར་དག་སྣང་སྦྱངས་ཐུབ་ན་ལེགས་ཤིང་། དེ་མིན་ཟུར་ཟ་བྱེད་རེས་བྱས་ཚེ་བསྟན་པ་ཉམས་ཆག་འབྱུང་རྒྱུའི་གཞིར་འགྱུར་བ་ཡིན། དེ་ལ་ཡང་ཆོས་འཆད་པ་པོ་དང་། ཆོས་ཉན་པ་པོ་ཚུལ་མཐུན་པ་ཞིག་ཡོང་བ་ལ་འཆད་པ་པོ་མཚན་ཉིད་ལྡན་པ་ཞིག་དགོས།  མདོ་རྒྱུད་ནང་ཆོས་འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་མཚན་ཉིད་ལྡན་པ་ཞིག་དགོས་ཀྱང་ཁོ་བོར་དེ་ལྟའི་ཆ་རྐྱེན་ལྡན་མིན་ཡང་།  སྤྱིར་ངོས་ལ་སངས་རྒྱས་ཀརྨ་པའི་མཚན་ཞིག་མཆིས་སྟབས་འཁུར་འཁྱེར་དགོས། འོན་ཀྱང་ཁོ་བོ་ཐོག་མར་རྒྱུད་སྟོད་དུ་འབྱོར་སྐབས་མཇལ་ཁ་གང་འཚམས་ཡོད། དེ་སྐབས་ཆོས་བཤད་ཕྲན་བུ་བགྱིད་བཞིན་པར་འགའ་ཞིག་ནས་ཆོས་འཆད་ཤེས་བཞིན་མི་འདུག་ཅེས་ཡི་གེ་བྱུང་སྟབས། དེ་ནས་བཟུང་མཇལ་ཁའི་སྐབས་དམིགས་བསལ་ཆོས་འཆད་ཉན་བྱ་རྒྱུ་མ་བྱུང་།  དེ་ནས་ད་ལོ་ངེས་དོན་སྒྲོན་མེ་ཐོག་མར་ངོས་ནས་འགོ་བཙུགས་ཟིན་སྟབས་མཇུག་མ་བསྐྱལ་རང་སྐྱེལ་རེད། དེ་མིན་གསུང་ཆོས་གསར་པའི་རིགས་ཡིན་ཚེ་༸སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ་དང་། ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ལ་སྙན་སྐུལ་ཞུས་པ་ཡིན།  དེ་ཡང་འཇམ་མགོན་རིན་པོ་ཆེ་དེ་སྔ་གསུང་ཆོས་གནང་མྱོང་མེད་ཀྱང་ད་ལོ་ཧ་ཅང་ལེགས་པོ་གནང་སོང་། དེ་མིན་ཆོས་བཤད་གསར་པའི་རིགས་ཡིན་ཚེ་མཁས་གྲུབ་གཉིས་ལྡན་གྱི་རིན་པོ་ཆེ་རྣམ་པས་གསུང་དགོས་པ་རེད། བཀའ་བརྒྱུད་སྨོན་ལམ་ཞེས་པ་དེ་བཀའ་བརྒྱུད་པ་སྤྱིའི་ཡིན་པ་ལས་ངོས་མི་གཅིག་ལ་འཁྲི་བའི་ལས་དོན་ཞིག་མིན། འོན་ཀྱང་དྭགས་པོ་ཐར་རྒྱན་ངོས་ནས་འགོ་བཙུགས་ཟིན་སྟབས་མཇུག་སྐྱེལ་དགོས་པ་རེད། དེ་མིན་གསར་པའི་རིགས་རྣམས་དེ་ཙམ་བྱ་མི་དགོས་པའི་རྩིས་བགྱིས་པ་ཡིན།  ཐར་རྒྱན་ལེའུ་དྲུག་པ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་བཤད་པའི་སྐབས་ཡིན། སེམས་ཅན་གྱི་བསྡུས་པའི་རྒྱུ་འབྲས་དང་། མ་བསྡུས་པའི་རྒྱུ་འབྲས་རྣམ་པ་གཉིས་ཡོད། སྐབས་འདིར་ལས་འབྲས་ཞེས་པ་སེམས་ཅན་གྱི་རྩོལ་བ་ལས་བྱུང་བ་ཞིག་ལ་ལས་འབྲས་ཞེས་འཇོག  ལས་འབྲས་ཞེས་པ་ཕར་གང་རུང་བགྱིས་ཚེ་དི་ཉིད་ཚུར་འབྱུང་བར་འཇོག་ཀྱང་དེ་ཉིད་ལས་འབྲས་རགས་པ་ཙམ་ལས་ཞིབ་པ་མིན། རང་རེས་སེམས་བཞིན་པའི་ལས་འབྲས་ཀྱི་རྣམ་གཞག་ནི་སྟབས་བདེ་བའི་སྐྱོན་མཆིས། དཔེར་ན། ཆར་པ་བབས་དུས་རང་རེས་འཕྲལ་དུ་ལྟ་སྐབས་ལས་སླ་ཡང་རྒྱུ་རྐྱེན་དུ་མ་འཛོམས་དགོས། དངོས་པོ་དུ་མའི་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་ལྟར་རྨ་བྱའི་སྒྲོ་ལ་རྒྱུ་རྐྱེན་སྣ་ཚོགས་འདུས་པ་བཞིན་ལས་ཀྱི་འབྲེལ་བ་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམསཅད་ལ་ཁྱབ་པས་ཤིན་ཏུ་དཔག་དཀའ་བ་ཡིན། ད་ལྟའི་གནས་སྐབས་ལ་བཙུན་མ་རྣམས་ལ་གོ་སྐབས་གསར་པ་སོན་པར་ངོས་རང་སྤྲོ་བ་བརྟས་ཤིང་། གོ་སྐབས་དེ་བཞིན་མ་ཤོར་བར་བདག་གཅེས་བགྱི་རྒྱུ་ཤིན་ཏུ་གནད་ཆེ།  ངོས་ལ་མཚོན་ན་སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་འཆང་བའི་གོ་སྐབས་བྱུང་ཞིང། ༸རྒྱལ་བ་མི་བསྐྱོད་རྡོ་རྗེའི་ལས་ཆོག་ནང་མའི་ལས་ཆོག་ཅིག་གི་ནང་ཕ་ཡི་ལས་ཆོག་ཁ་སྒྱུར་བ་ཞིག་སྟེ་ཕ་ཚོགས་རྐྱང་པ་ལ་བརྟེན་ནས་  དགེ་སློང་མའི་སྡོམ་པ་ཞུ་རུང་བ་ཞིག་གསུངས་ཡོད།  དེ་བཞིན་རང་ངོས་ནས་ཀྱང་རྒྱལ་བ་གོང་མའི་རྣམ་ཐར་དང་། སྤྱི་ཚོགས་ཀྱི་འགྲོ་ལུགས་ཚུལ་དང་མཐུན་པ་ཞིག་ཡིན་སྟབས་ཇི་སྲིད་ནམ་འཚོའི་བར་དུ་མགོན་སྐྱབས་བྱ་རྒྱུའི་འདུན་པ་ཡོད། དེ་བཞིན་སེར་སྐྱ་མང་ཚོགས་ཐམས་ཅད་ལ་ངོས་ནས་རྒྱབ་སྐྱོར་ཡོད། ད་ལྟ་གོ་སྐབས་སོན་སྟབས་མཉམ་མེད་དྭགས་པོ་རིན་པོ་ཆེས།  ལས་དང་པོ་པས་ཐོས་བསམ་ལ་ནན་ཏན་བྱ་ཞེས་གསུངས་པ་ལ་ལྟར་ཐོས་བསམ་མཐར་ཕྱིན་རྗེས་སྒྲུབ་པ་ལ་ཞུགས་ཏེ། རང་རྒྱུད་སྨིན་པར་བྱ་རྒྱུ་དང་།  གཞན་རྒྱུད་སྒྲོལ་བར་བྱ་ནུས་པ་ཞིག་བགྱི་རྒྱུ་ཤིན་ཏུ་འགངས་ཆེ།  སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ནང་བསྡུས།  བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཐབས་དམ་པ་བཤད་སྒྲུབ་གཉིས་ལ་རག་ལུས། དེ་ཡང་བཤད་པའི་བསྟན་པ་འཆད་ཉན་གཉིས་དང་། སྒྲུབ་པའི་བསྟན་པ་དེ་སྒྲུབ་པའི་སྒོ་ནས་འཛིན་དགོས།  འཆད་ཉན་བྱ་བའི་གཞུང་ངམ་བསྟན་བཅོས་དེ་ཡང་སྟོན་པས་གསུངས་པའི་རྒྱལ་བའི་བཀའ་བོད་གངས་ཅན་གྱི་སྐད་དུ་བསྒྱུར་བ་ཁོ་ན་བརྒྱ་ཕྲག་ལྷག་དང་།  དེ་བཞིན་དགོངས་འགྲེལ་གྱི་བསྟན་བཅོས་པོད་ཉིས་བརྒྱ་ལྷག  དེ་བཞིན་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གསུང་འབུམ་པོ་ཏི་ཁྲི་ཕྲག་ཏུ་མཆིས་པ་ལས།  གཙོ་བོ་གཞུང་བཀའ་པོད་ལྔའི་ནང་མ་བསྡུས་པ་མེད་སྟབས་དེ་ཉིད་ལ་གྲྭ་ས་ཁག་ནང་འཆད་ཉན་བགྱིད་བཞིན་ཡོད།  འཆད་ཉན་བགྱི་རྒྱུའི་གཞུང་སྙིང་པོ་དེ་བཀའ་པོད་ལྔར་གྱུར་ཅིང་།  ད་ལྟ་བཀའ་པོད་ལྔ་ལ་འཆད་ཉན་བྱ་རྒྱུའི་གོ་སྐབས་དང་ལོ་རྒྱུས་གསར་པ་ཞིག་བྱུང་སྟབས་ཧ་ཅང་གི་སྐལ་བཟང་དང་གལ་འགངས་ཆེ་བ་ཡིན།    གོང་དུ་བཤད་པ་བཞིན་འཆད་ཉན་བྱ་ཡུལ་དེ་ལུང་གི་བསྟན་པ། དེ་ཡང་སྙིང་པོ་བཀའ་པོད་ལྔ་དེ་འཛིན་རྒྱུའི་གོ་སྐབས་བྱུང་སྟབས་ཐམས་ཅད་ཀྱིས་དེ་ཉིད་ལ་བློ་རྩེ་གཅིག་གི་སྒོ་ནས་འབད་འབུངས་བྱ་རྒྱུ་གནད་ཆེ།   མདོར་ན་རབ་ཏུ་བྱུང་བའི་བཙུན་པ་དང་བཙུན་མ་གཉིས་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་དང་འགན་འཁུར་ཡོད་པ་གཅིག་གྱུར་ཡིན། བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་ཆ་ཚང་བ་ཞིག་དགོས། དེ་ལྟར་མ་བྱུང་ན་ཆ་མ་ཚང་བར་འགྱུར།  འོན་ཀྱང་བར་སྐབས་ཤིག་བཙུན་མ་རྣམས་ལ་དེ་ལྟའི་གོ་སྐབས་མ་བྱུང་། རང་རེ་བོད་ཀྱི་བཙུན་མ་རྣམས་ལ་བསླབ་པ་ཐམས་ཅད་ཉམས་སུ་བླང་རྒྱུའི་ གོ་སྐབས་མ་བྱུང་། ལས་འབྲས་ཀྱི་རྣམ་གཞག་ནང་པ་སངས་རྒྱས་པའི་ཁྱད་ཆོས་གཙོ་བོ་ཡིན་ཅིང་། རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ཤིག་འདུ་བྱས་པ་ལ་བརྟེན་ནས་བྱུང་བ་ལས་རྒྱུ་རྐྱེན་རང་ག་བ་ཞིག་གིས་བྱུང་བ་མ་ཡིན་པས། མདོར་ན་ཐམས་ཅད་གཅིག་ལ་ གཅིག་ལྟོས་ཏེ་བྱུང་བ་འབའ་ཞིག་ཡིན་ཕྱིར། ནང་པ་སངས་རྒྱས་པ་ཙམ་མ་ཟད་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལས་འབྲས་ཀྱི་རྣམ་གཞག་ཤེས་ཐུབ་པ་ཞིག་ བྱུང་ན་མི་ཚེའི་ནང་ཕན་ཐོགས་ཡོད་པའི་ཤེས་བྱ་ཞིག་ཏུ་འགྱུར། མི་དགེ་བ་ཡིན་ན་མི་དགེ་བ་བཅུ་གང་རུང་ཡིན་པའི་ངེས་པ་མེད་ཅིང་། འོན་ཀྱང་བསྡུས་ན་ རགས་པ་ཙམ་གྱི་དབང་དུ་བཅུར་འདུ་བ་ཡིན། མི་དགེ་བ་བཅུ་པོ་སྡོམ་ལྡན་ཁོ་ན་མ་ཡིན་པར་ཀུན་ལ་ཉེས་པ་ཆ་མཉམ་དུ་འབྱུང་བར་མདོ་ཀུན་བཏུས་ལས་  གསུངས། ལུས་ལ་གསུམ་ལས་དང་པོ་གཉིས་གཞན་ལ་བཅོལ་ཡང་སྡིག་པ་དངོས་གཞིར་འགྱུར་ཞིང་། རང་གིས་བགྱིས་པ་ཙམ་མ་ཟད་གཞན་བགྱིད་དུ་  སྩལ་ཀྱང་སྡིག་པ་དངོས་གཞི་འབྱུང་བར་ས་སྡེ་ལས་གསུངས།  ངག་གི་མི་དགེ་བ་བཞི་རང་གིས་བགྱིས་པ་ཙམ་མ་ཟད་གཞན་བགྱིད་དུ་སྩལ་ཡང་ཉེས་པ་  གཅིག་གྱུར་འབྱུང་ཡང་མངོན་པ་མཛོད་ལས་གཞན་དུ་གསུངས།  མི་དགེ་བ་དངོས་གཞིར་འགྱུར་བར་ཡན་ལག་ལྔ་ཡོངས་སུ་ཚང་དགོས།

འཕགས་མ་བདེ་བྱེད་མའི་དགུན་ཆོས་

གནས་མཆོག་རྡོར་གདན་དུ་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་བསྐྱངས་པ།

 

ཕྱི་ལོ་  ༢༠༡༤  ཟླ  ༡   ཚེས་  ༢༠  ནས་བཟུང་ཀཾ་ཚང་བཀའ་བརྒྱུད་ཀྱི་བཙུན་མའི་དགུན་ཆོས་ཐེངས་དང་པོ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འདབས་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་དུ་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་དབུ་འཛུགས་བསྐྱངས་ཤིང་།  གཞན་ཡང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་བླ་སྤྲུལ་རྣམ་པ།  མཁན་པོ་དང་དགེ་བའི་བཤེས་གཉེན་རྣམ་པ།

 

 དེ་བཞིན་ཁྲ་འགུ་ཚང་དང་།   ཏི་ལོག་པུར།   འབྲུག་ཐེག་མཆོག་གླིང་། བསམ་གཏན་གླིང་།  ལེགས་བཤད་གླིང་།  བཀྲ་ཤིས་ལྗོངས་ཨ་ནེའི་བཤད་གྲྭ་བཅས་བཤད་གྲྭ་ཁག་དྲུག་ཙམ་ནས་བཙུན་མ་ཉིས་བརྒྱ་ལྔ་བཅུ་ཙམ་འདུས་ཡོད་ཅིང་།  ཁོང་རྣམས་ཕྱི་ཟླ་གཉིས་པའི་ཚེས་  ༢  བར་བདུན་གཉིས་རིང་དགུན་ཆོས་ཀྱི་དམ་བཅའ་མཛད་རྒྱུ་ཡིན་འདུག  འདི་ལོ་ཨ་ནེ་རྣམ་པའི་དགུན་ཆོས་ཀྱི་བརྗོད་གཞི་གཙོ་བོ་ནི་བསྡུས་པ་རིགས་ལམ་ཆུང་བ་ཡིན་འདུག

 

དེ་ཉིན་བཙུན་མའི་དགུན་ཆོས་ཀྱི་ཐོག་མའི་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་མཁན་གྱི་གྲངས་སུ་ཐོག་མར་སྐུའི་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་མཆོག་ནས་བུད་མེད་ཀྱི་ཤེས་རབ་དང་སྤོབས་པའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་།  དེ་བཞིན་ཨ་ནེ་དམ་ཆོས་ལགས་དང་ཨ་ནེ་རྨེའུ་རུང་ལགས་གཉིས་ནས་ཀྱང་གོང་གསལ་བརྗོད་གཞི་དང་གཅིག་མཚུངས་སྐོར་གསུང་བཤད་གནང་།  རུམ་བཏེག་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་མཆོག་ནས་རྒྱལ་དབང་མཆོག་གིས་བསྟན་པ་སྤྱི་དང་བྱེ་བྲག་བཙུན་མ་རྣམས་ཀྱི་ཕན་བདེའི་དོན་དུ་ཐུགས་ཁུར་བཞེས་ཚུལ་སྐོར་གསུང་བཤད་གནང་།  ཤེས་རབ་གླིང་བཤད་གྲྭའི་སློབ་སྤྱི་མཁན་པོ་ཚུལ་ཁྲིམས་རྣམ་དག་མཆོག་ནས་བཙུན་མས་གཞུང་རིགས་ཀུན་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་གྱི་གསུང་བཤད་རིམ་པར་སྩལ་ཅིང་། 

 

 ལྷག་པར་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བུད་མེད་ཀྱི་རྟེན་ལ་ཡང་དགྲ་བཅོམ་མ་དང་བྱང་ཆུབ་སེམས་མའི་གོ་འཕང་ཐོབ་རྒྱུ་ཡོད་པ་དཔེ་མཚོན་དང་བཅས་གསུངས་ཏེ་བཙུན་མ་རྣམས་ཀྱི་བློ་སྤོབས་གོང་མཐོར་སྤེལ་བར་མཛད།

 

དེ་རྟིང་དཔལ་༸རྒྱལ་བའི་དབང་པོ་ཀརྨ་མཆོག་ནས་བཀའ་སྩལ་ཕེབས་དོན་དུ།  དེ་རིང་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ནང་པ་སངས་རྒྱས་པའི་གནས་མཆོག་ཏུ་གྱུར་པ་འདིའི་སྟེང་ལ་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐོག་མར་དབུ་ཚུགས་པའི་སྐབས་འདིའི་ཚོགས་མགོན་དུ་ཕེབས་པའི་རིགས་ཀུན་ཁྱབ་བདག་གསང་བའི་མཛོད་འཛིན་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་།  དེ་བཞིན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ་རྣམ་པ།  དེ་བཞིན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་།  གཞན་ཡང་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

དེ་རིང་ངོས་རང་ཆམ་པ་ཕོག་སྟབས་སྐད་ཆ་འཕྲོད་པོ་ཡོང་ས་མ་རེད།  དེའི་ཐོག་དུས་ཚོད་ཀྱང་རྫོགས་ཟིན།  འོན་ཏང་རང་རེ་བོད་པར་དགའ་སྐྱིད་བྱུང་ཚེ་དམིགས་བསལ་དུས་ཚོད་མེད།  དེས་ན་དུས་དང་དུས་མེད་པར་དུས་ཚོད་བསྣར་ཆོག  གོང་དུ་ངོས་ནས་ཞུ་རྒྱུ་ཐམས་ཅད་ཁོང་རྣམ་པས་གསུངས་གྲུབ་སྟབས་ངོས་ལ་ཅི་བཤད་འདི་བཤད་མི་འདུག  མ་བཤད་ན་ཡང་མ་འགྲིག  བཤད་རྒྱུ་ཐམས་ཅད་གསུངས་ཟིན་སོང་།

 

འོན་ཀྱང་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་དེ་ཁང་པ་ལྟ་བུ་ལ་ཆ་མཚོན་ན་ཁང་པ་ལ་ཀ་བ་དང་གདུང་མ་ཡོད་པ་ལྟར། ཁང་པ་ཞིག་ལ་ཀ་བ་བཞི་ཡོད་ན་དེ་ལས་ཀ་བ་གཉིས་དགེ་སློང་དང་དགེ་སློང་མ།   ཀ་བ་གཞན་གཉིས་དེ་དགེ་བསྙེན་ཕ་དང་དགེ་བསྙེན་མ་དེ་འདྲ་ཡིན།  དེས་ན་སངས་རྒྱས་ཀྱི་བསྟན་པའི་ཁང་པ་དེ་ཀ་བ་བཞི་པོ་དེ་དག་ལ་བརྟེན་པ་ཡིན་སྟབས་མེད་དུ་མི་རུང་བ་ཡིན།  སྔོན་༸སྐྱབས་མགོན་རིན་ཆེས་ངོས་ལ་གསུང་གསལ་དུ།  དགེ་སློང་མ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའི་བཅས་པའི་ནང་ཐམས་ཅད་ཡོད།  ད་ལྟ་མེད་པ་དེ་རང་རེས་མ་འབྱོན་པའམ་འཐུས་ཤོར་ཕྱིན་པ་ལས་སངས་རྒྱས་ཀྱིས་གཅིག་གསུངས་པ་རེད།  གཉིས་གསུངས་པ་རེད་ཅེས་པ་ཅི་ཡང་མེད།  དང་པོ་ནས་བཀའ་ཡི་བཅས་པ་གནང་ཟིན་པ་རེད།  དེས་ན་ང་རང་ཚོའི་ངོས་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་བཀའ་སློབ་གནང་མྱོང་ཡོད་པ་ལྟར་དེ་ཉིད་དངོས་འབྲེལ་རེད།

 

བོད་འདི་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པ་དེ་བསྒྲུབ་ཨེ་ཐུབ་བལྟ་བཞིན་ཡོད།  དེ་སྒྲུབ་སྐབས་ལམ་རིམ་གྱི་ཁྲིད་ཡིག་སོགས་ཀྱི་ནང་ཆོས་ཚིགས་ཀྱི་ཡུལ་དབུས་བཤད་སྐབས་འཁོར་རྣམ་བཞི་རྒྱུ་བ་དེ་མ་བཤད་རང་བཤད་རེད།  འཁོར་རྣམ་བཞིའི་གྲངས་འདྲེན་ཚུལ་དེར་འགའ་ཞིག་ནང་ཕྲན་བུའི་འགྱུར་བ་བཏང་ནས་དགེ་སློང་ཕ་དང་དགེ་སློང་མ་ཞེས་བརྗོད་མི་བཏུབ་པར་བརྟེན་དགེ་ཚུལ་ཕ་དང་དགེ་ཚུལ་མ་ཞེས་བསྣན།  སངས་རྒྱས་ཀྱི་བཀའ་དང་རྒྱ་གར་མཁས་པའི་བསྟན་བཅོས་དེ་དག་གི་ནང་འཁོར་རྣམ་བཞིའི་ཁོངས་སུ་དགེ་ཚུལ་ཕ་དང་མ་གསུངས་པ་དེ་ཙམ་མེད།  ང་ཚོས་དེའི་ཚབ་མཚོན་བྱེད་དུ་འཇུག་ན་འགྲིག་གི་ཡོད་ཤས་ཆེ་ཡང་།  འགའ་ཞིག་གིས་བོད་གངས་ཅན་ལྗོངས་ཀྱི་ནང་དགེ་སློང་མ་ཡོད་དེ་དགེ་སློང་ཕ་མཚན་འགྱུར་བའི་དགེ་སློང་མ་ཡོད་པའི་ཕྱིར།  ཞེས་པ་དེ་ལྟར་བརྗོད་པ་ཡང་འདུག  །   གང་ལྟར་ས་ཆའམ་ཡུལ་གྲུ་དེ་ནང་པ་སངས་རྒྱས་པའི་ཡུལ་གྲུའམ་རྒྱལ་ཁབ་ཅིག་ཡིན་མིན་ཟེར་བའམ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་མིན་གཙོ་བོ་འཁོར་རྣམ་བཞི་རྒྱུ་བའམ་འཁོར་རྣམ་བཞི་ཡོད་མེད་དང་།  དེ་ཡང་འཁོར་རྣམ་བཞིའི་གཟུགས་བརྙན་མཆིས་པ་ཙམ་མ་ཡིན་པར་དེ་དག་ལ་བསླབ་པ་ཆ་ཚང་བ་ཡོད་མེད་དེ་འདྲ་ཞིག་ལ་རག་ལུས་ཡོད་སྟབས་སངས་རྒྱས་ཀྱི་བསྟན་པའི་རྨང་གཞི་ནས་བརྗོད་ཀྱང་ཤིན་ཏུ་གལ་ཆེ་ཞིག་ཏུ་གྱུར་ཡོད། 

 

 དེ་བཞིན་གོང་དུ་གསུང་བཤད་གནང་མཁན་ཚོས་གསུངས་པ་ལྟར་འཛམ་བུ་གླིང་གི་ནང་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད།  དེའི་ནང་ནས་བཞི་བཅུ་ལྷག་ཙམ་བུད་མེད་རེད་ཅེས་ཟེར།  དེ་དག་ལས་ཆོས་ལུགས་ལ་དད་པ་བྱ་མཁན་བུད་མེད་མང་བ་ཡོད།   དེས་ན་བུད་མེད་མང་བའི་གྲངས་འབོར་གྱི་གནས་སྟངས་ལ་མནོ་བསམ་གཏོང་དགོས་པ་དང་།  དེ་དག་གི་ཆོས་ལུགས་ཕྱོགས་ཀྱི་ཉམས་ལེན་དེ་ཚོར་རང་རེས་དོ་འཁུར་བྱ་རྒྱུ་གནད་ཆེ།   གང་ཡིན་ཞེ་ན་འཛམ་བུ་གླིང་ཕྱེད་ཀ་ལྷག་ཙམ་བུད་མེད་རེད་ཡོད།  དེའི་རྒྱུ་མཚན་ལ་བརྟེན་ནས་ད་ལན་འདི་ལྟ་བུའི་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཞེས་པ་འདི་ལྟ་བུ་ཞིག་ཚུགས་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། 

 

གོ་སྐབས་བྱུང་བ་དེ་ང་རང་གི་འབྱོན་ཐང་དང་རྣམ་དཔྱོད་ཡིན་བསམ་པ་ཅི་ཡང་མེད།  གཙོ་བོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས།  དེ་བཞིན་སྔོན་གྱི་དགྲ་བཅོམ་མ་སྐྱེ་རྒུའི་བདག་མོ་ལ་སོགས་པ་དེ་དག་གི་ཐུགས་བསྐྱེད་སྨོན་ལམ།  ལྷག་པར་དུ་ད་ལྟ་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་རྣམ་པ་ཚོ་དང་།  མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་ཚོའི་རྒྱབ་སྐྱོར་ཚད་མེད་གནང་བར་བརྟེན་ད་ལན་འདི་འདྲ་ཞིག་ཚུགས་ཐུབ་པ་བྱུང་།   དེ་ལྟར་ཡིན་སྟབས་འདི་ཉིད་ལྷ་དང་མི་ཐམས་ཅད་ཀྱིས་མགྲིན་གཅིག་པའི་སྒོ་ནས་ནས་བསྐལ་པ་བཟང་པོའི་དུས་སྟོན་གསར་པ་ཞིག་བསྐྲུན་པར་ངོས་རང་ཡང་སྐལ་བ་བཟང་པོ་དང་།  འདིར་ཡོང་ཐུབ་པ་དང་ཚོགས་པའི་དབུས་ལ་ཞུགས་ཐུབ་པ་འདི་སྐལ་བ་བཟང་པོ་ཡིན་སྙམ་བཞིན་ཡོད།  མ་འོངས་པ་ལ་དགུན་ཆོས་དེ་ཇི་སྲིད་ཀྱི་བར་དུ་ངོས་ལ་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པའི་མིང་ཙམ་ཞིག་ཡོད་པས་དའི་དུས་ཡུན་ཙམ་མ་ཡིན་པར་འབྱུང་འགྱུར་མི་རབས་ཁྲི་ཕྲག་སྟོང་ཕྲག་གི་བར་གནས་ཐུབ་པ་དང་།  གནས་པ་ཙམ་མ་ཟད་དོན་སྙིང་ཕུན་སུམ་ཚོགས་པ།   སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་ཏུ་བཙུན་མའི་བསྟན་པ་དེ་ལ་ཕན་བདེ་ཕུན་སུམ་ཚོགས་པའི་གཞི་རྩ་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད།

 

 ང་རང་གི་ངོས་ནས་ཀྱང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་ཕ་མར་ཞབས་ཏོག་གམ་སྲི་ཞུ་བསྒྲུབ་རྒྱུ་གལ་ཆེར་གྱུར་ཡོད།  འོན་ཀྱང་ངོས་ཀྱི་ཕ་མ་ནི་ས་ཐག་རིང་པོའི་བར་གྱིས་ཆོད་ཡོད།  ཕ་མ་ཕ་རིར་ཡོད་ངོས་རང་ཚུར་རིར་ཡོད་པ་ཡིན་སྟབས་དམིགས་བསལ་ཕ་མའི་ཞབས་ཏོག་ཅི་ཡང་སྒྲུབ་ཐུབ་ཀྱིན་མི་འདུག  དེས་ན་རྒྱུན་དུ་ངོས་ཀྱི་གཅེན་མོས་ཁྱེད་མ་ལ་དགའ་ཞིང་ཕ་ལ་དགའ་པོ་མེད་པར་བརྗོད་མོད་ཀྱང་དེ་ཉིད་བདེན་པ་མ་ཡིན།  འོན་ཀྱང་མ་ལ་བརྩེ་བ་ཡོད་སྟབས་དེར་ཞབས་ཏོག་སྒྲུབ་ཐུབ་ཀྱི་མེད་རྐྱེན་དེའི་ཚབ་ལྟ་བུར་བཙུན་མ་ཚོར་ཞབས་ཏོག་བསྒྲུབ་རྒྱུ་བྱུང་ན་གཅིག་མཚུངས་སུ་མི་འགྱུར་རམ་སྙམ།  སྤྱིར་འགྲོ་ཀུན་ཕ་མ་ཡིན་པ་དང་།  ལྷག་པར་དུ་ཐམས་ཅད་ལ་མ་དང་སྲིང་མོའི་འདུ་ཤེས་སྐྱེ་དགོས་པ་དེ་འདྲའི་སྐོར་བཤེས་སྤྲིང་ནང་དེ་ལྟར་གསུངས་འདུག་ཅིང་།  དེས་ན་དེ་ལྟའི་འདུ་ཤེས་བསྐྱེད་དེ་ཞབས་ཏོག་བསྒྲུབ་ཐུབ་ན་ལེགས་པོ་མེད་དམ་སྙམ།

 

 སྤྱིར་ངོས་ཀྱི་མི་ཚེ་དེ་རྙོག་དྲ་ཚ་པོ།  ཅ་སིང་པོ།  དཀའ་ངལ་ཆེན་པོ།  མཚམས་རེ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་འཕྲེང་གོང་མ་དེ་ཚོའི་སྐབས་སུ་ལ་ཡང་བྱུང་མ་མྱོང་བའི་རྙོག་དྲ་དེ་ད་ལན་བཅུ་བདུན་པའི་སྐབས་སུ་བྱུང་ནས་ཕྱི་ནང་གཉིས་ཀར་དཀའ་ངལ་ཆེན་པོ་བྱུང་ཡོད་པ་དེར་ངོས་རང་ཡང་སྐབས་རེ་སེམས་ལ་སྡུག་བསྔལ་དང་བློ་ཕམ་པོ་ཡོང་བཞིན་འདུག  འོན་ཀྱང་སོ་སོ་དཀའ་ངལ་དང་བློ་ཕམ་ཡི་ཆད་པ་ཅི་ཡོད་ན་ཡང་ཇི་མི་སྙམ་པར་སོ་སོའི་ངོས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་བདེ་སྐྱིད་ལ་ཕྲན་བུའི་ཞབས་ཏོག་སྒྲུབ་ཐུབ་པ་ཞིག་བྱུང་ན་སྙམ་པའི་བློ་སྟོབས་བཅངས་ནས་ད་བར་ཨུ་ཚུགས་རྒྱབ་པ་ཡིན།   སྤྱིར་ངོས་རང་ལོ་ཆུང་ངུ་ཡིན་པ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་སྟབས་མཚམས་རེ་ནོར་བ་དང་འཁྲུལ་བའི་ཆ་དུ་མ་ཡོང་བཞིན་ཡོད།  དེ་བཞིན་སེམས་ཤུགས་མ་འདང་བའི་གནས་སྟངས་དེ་འདྲ་ཡང་ཡོང་བཞིན་འདུག 

 

དེས་ན་མ་འོངས་པར་མུ་མཐུད་བསྟན་པའི་ཞབས་ཏོག་བསྒྲུབ་ཐུབ་པ་དང་།   ལྷག་པར་དུ་བཙུན་མའི་ཞབས་ཏོག་སྒྲུབ་ཐུབ་པའི་འདུན་པ་ཇི་སྲིད་འཚོ་ཡི་བར་དུ་རེ་བ་འཆང་བཞིན་ཡོད།  ད་རིང་དགུན་ཆོས་དབུ་ཚུགས་པ་འདི་ཐོག་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་སྤྲུལ་པའི་སྐུ་དང་།  དགེ་བའི་བཤེས་གཉེན་རྣམ་པ།  བཙུན་མ་རྣམས་དང་།  ཕྱོགས་མཐའ་ཁག་ནས་ཕེབས་པའི་ཁྱིམ་པ་ཕོ་མོ་ཐམས་ཅད་འདིར་ལྷན་ཅིག་ཏུ་འཛོམས་ནས་སྨོན་ལམ་བཟང་པོ་འདེབས་པའི་གོ་སྐབས་བྱུང་བ་དང་།  དེ་ཡང་གནས་མཆོག་རྡོ་རྗེ་གདན་ཏེ་གནས་རྩ་ཆེན་པོ་འདི་ལྟ་བུ་ཞིག་ལ་དེ་ལྟར་བྱུང་བ་དེ་རང་རེའི་བསོད་ནམས་ཀྱིས་གྲུབ་པ་མ་ཡིན་པར་སྟོན་པ་བདེ་བར་གཤེགས་པ་དང་།  དེའི་སྲས་བྱང་ཆུབ་སེམས་དཔའ་དང་།  དགྲ་བཅོམ་པ་དང་དགྲ་བཅོམ་མ་དེ་དག་གི་སྐལ་བ་བཟང་པོའི་བགོ་སྐལ་སྩོལ་བ་ཞིག་ཏུ་སྣང་བས་ཤིན་ཏུ་བློ་མགུ་བར་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།                       བསྟན་འཛིན་རྣམ་རྒྱལ།